13
Thu, Jun

སློབ་དཔོན་ཆེན་མོ་སངས་རྒྱས་ལགས། པར། བརྒྱུད་ལམ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༢ པའི་ཚེས་༢༨ ཉིན་སྤེལ། སློབ་དཔོན་ཆེན་མོ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་མོ། བོད་རིག་པའི་མཁས་དབང་སངས་རྒྱས་ལགས་ཟླ་༢ ཚེས་༢༦ ཉིན་ཕ་ཡུལ་རེབ་གོང་རོང་པོ་ལྷ་སྡེར་དགུང་གྲངས་༧༡ སྟེང་སྐུ་གཤེགས་པར་བོད་ཕྱི་ནང་གཉིས་ཀྱི་དྲ་ངོས་སོགས་སུ་མྱ་ངན་གྱི་རྣམ་པ་ཤུགས་ཆེན་བསྟན་ནས། ཁོང་གི་བྱས་རྗེས་ལ་དྲན་གསོ་དང་། རྗེས་དྲན། ཡི་རང་། ཁོང་གཤེགས་པར་ཕངས་སེམས་ཀྱི་རྩོམ་ཡིག་སོགས་མང་པོ་སྤེལ་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག

སློབ་དཔོན་ཆེན་མོ་ཁོང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་སྤྱི་ཟུར་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ཏེ། སློབ་མ་གང་མང་ལེགས་པར་བསྐྱངས་ནས། བོད་ཀྱི་རིག་གནས་དང་ཤེས་ཡོན་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ལ་བྱས་རྗེས་རླབས་ཆེན་བཞག་པར་མ་ཟད། ད་དུང་། ཁོང་གིས་ལོ་ཙཱ་དང་། ཞུས་ཆེན། ཞིབ་འཇུག རྩོམ་སྒྲིག་གི་བྱ་བའང་སྣ་མང་ཞིག་བསྒྲུབས་ཏེ། བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཐད་ལའང་ཕན་རླབས་ཆེན་པོ་བསྒྲུབས་འདུག

ཁོང་གིས་བརྩམས་པ་དང་། ལོ་ཙཱ། ཞིབ་འཇུག་སོགས་དང་འབྲེལ་བའི་བརྩམས་ཆོས་གྲགས་ཆེན་འགའ་ནི། <<དེང་རབས་རྒྱ་ཡིག་ཚིག་མཛོད>>དང་། <<ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག>> <<སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ>> <<མཛངས་བླུན་ཞེས་བྱ་བའི་མདོ་བསྒྱུར་ཅིང་ཞུས་མཆན་བཏབ་པ>> <<བོད་ཀྱི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས>> <<ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྤྱིའི་དཀར་ཆག་གནད་བསྡུས་ལས་བོད་རིགས་བམ་པོའི་ཟི་ལིང་གི་སྐོར>> <<དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས>> <<རྒྱའི་ཡིག་གསུམ་མདོ>> <<ང་མཚོ་སྔོན་ལ་དགའ>>སོགས་འདུག

སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ནི། ཕྱི་ལོ་༡༩༥༡ མདོ་སྨད་རེབ་གོང་རོང་པོ་ལྷ་སྡེར་འཁྲུངས་ཤིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་སྤྱི་ཟུར་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་བར་མ་ཟད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་ཡང་བཞེས་ཤིང་། བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་དང་། གངས་རྒྱན་ན་ཆུང་ཚགས་པར་དང་། སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ་སོགས་ཀྱི་འགན་ཡང་ཞོར་ལ་བཞེས་མྱོང་འདུག ད་དུང་། བོད་རྒྱ་རིག་ཚན་གསར་པའི་བརྡ་ཆད་གཏན་འབེབ་ཀྱི་དབུ་བཞུགས་ཆེད་མཁས་བཅས་ཀྱི་འགན་བཞེས་ཏེ་ལོ་རྒྱུས་དང་ས་ཁམས། གྲངས་རིག་དང་དངོས་ལུགས། རྫས་འགྱུར་དང་རྩིས་འཁོར། ཁྲིམས་ལུགས་སོགས་རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ཀྱི་ཆེད་ལས་བརྡ་ཆད་འབུམ་བརྒྱད་ཡས་མས་ཙམ་ལོ་ཙཱ་གཏན་འབེབ་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།