17
Thu, Oct

༸གོང་ས་མཆོག ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེ་ཁི་གྷོ་ཝེར(James McGovern)། གྲོས་ཚོགས་འཐུས་མི་མར་ཀོ་རུ་སྦི(Marco Rubio)།

བོད་དོན་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༩་ཚེས་༡༧་ཉིན་སྤེལ། ཉེ་ཆར་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱས་ན། ཉེས་ཆད་གཅོད་དགོས་པའི་ཁྲིམས་འཆར་གསར་པ་བཏོན་ཡོད་པ་དང་། ཁྲིམས་འཆར་དེའི་ནང་དུ། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐད་ལ་ཐེ་བྱུས་བྱས་ན་ཉེས་ཆད་གཏོང་དགོས་སྐོར་བརྗོད་འདུག

དེ་ཡང་། གྲོས་ཚོགས་གོང་འོག་གཉིས་ཀའི་རྒྱབ་སྐྱོར་ཡོད་པའི་བོད་དོན་སྲིད་བྱུས་(Tibetan Policy Act,2002)དང་རྒྱབ་སྐྱོར་གྱི་བཅས་ཁྲིམས་དེའི་ཐོག རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱས་ན་ཉེས་ཆད་གཅོད་དགོས་པའི་ཁྲིམས་འཆར་གསར་པ་ཞིག ཟླ་འདིའི་ཚེས་༡༣་ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེ་ཁི་གྷོ་ཝེར(James McGovern)གྱིས་གྲོས་ཚོགས་གོང་མའི་ནང་བཏོན་ཡོད་པ་དང་། གྲོས་ཚོགས་འཐུས་མི་མར་ཀོ་རུ་སྦི(Marco Rubio)་དང་གཞན་ཁག་ཅིག་གིས་༢༠༠༢་ལོའི་བོད་དོན་སྲིད་བྱུས་གཞི་བཞག་ཐོག ཁྲིམས་འཆར་དེ་བདུན་ཕྲག་འདིའི་ནང་དུ་གྲོས་ཚོགས་འོག་མའི་ནང་དུ་འདོན་རྒྱུ་ཡིན་འདུག

ཁྲིམས་འཆར་དེ་ནི་ཨ་རིའི་གཞུང་འབྲེལ་གྱི་སྲིད་བྱུས་བཟོས་ནས། ༸གོང་ས་མཆོག་གཙོ་པའི་བོད་པའི་བླ་ཆེན་ཁག་གི་ཡང་སྲིད་ནི་ཆོས་ཕྱོགས་ཀྱི་་དོན་དག་ཅིག་ཡིན་པ་དང་། བོད་པའི་སྤྱི་ཚོགས་ཁོ་ནར་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པའི་སྐོར་ཡིན་འདུག

གལ་སྲིད། རྒྱ་ནག་གི་འགོ་ཁྲིད་སུ་ཡིས་ཡང་སྲིད་ཀྱི་བརྒྱུད་རིམ་ལ་ཐེ་བྱུས་བྱས་པ་ཡིན་ན། དེར་ཉེས་ཆད་གཅོད་རྒྱུ་ཡིན་འདུག ད་དུང་། ཁྲིམས་འཆར་དེའི་ནང་དུ་འཁོད་དོན། གལ་སྲིད་ལྷ་སར་ཨ་རིའི་གཞུང་གི་དོན་གཅོད་ཁང་འཛུགས་མ་བཅུག་བར་དུ། རྒྱ་གཞུང་གི་དོན་གཅོད་གསར་པ་ཨ་རིའི་ནང་དུ་ཡོང་མི་ཆོག་ཅེས་ཀྱང་གསལ་འདུག

བོད་དོན་ཆེད་སྲིད་བྱུས་དང་རྒྱབ་སྐྱོར་གྱི་བཅས་ཁྲིམས་དེ་རྒྱབ་སྐྱོར་བྱེད་མཁན་ནི། གྲོས་ཚོགས་འཐུས་མི་ཁི་སུ་སི་མི་ཐི(Chris Smith (R-NJ)་དང་། སྐུམ་མེར་སི་(Marcy Kaptur (D-Ohio)། བྷར་ཤེར་མན(Brad Sherman (D-Calif.)། མར་ཁི་མེ་ཌོ(Mark Meadows (R-NC)། ཐོ་མ་སུ(Thomas Suozzi (D-NY), ཊོམ་མ་ལི་ནོ་སི་ཀི(Tom Malinowski (D-NJ)། བྷན་མ་ཁི་ཨ་ཌམ(McAdams (D-Utah)་བཅས་ཡིན་འདུག

ཁྲིམས་འཆར་དེའི་ནང་དུ། རྒྱ་ནག་གི་འགོ་ཁྲིད་སུས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱས་ན། ཉེས་ཆད་ནི་རྒྱུ་ནོར་བསྡམས་བཅད་དང་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་པར་འཁོད་ཡོད་འདུག དེ་བཞིན། ཁྲིམས་འཆར་དེས་བོད་པའི་གནད་དོན་ཐོག་དམིགས་བསལ་གྱི་ བོད་པའིོ་འབྲེལ་མཐུད་པ་བསྐོས་ནས། རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང་མཉམ་འབྲེལ་ཐོག་ནས་རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་ཐོག་ལ་ཐེ་བྱུས་བྱེད་པར་རྒོལ་ལན་བྱེད་དགོས་ཞེས་འཁོད་ཡོད་འདུག

རྒྱ་ནག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་ཐག་གཅོད་བརྒྱུད་རིམ་ནི་རྒྱ་ནག་གི་ཁྲིམས་དང་མཐུན་དགོས་པར་བརྗོད་ཡོད། དེ་ནི་བོད་མི་ཚོའི་ལོ་རྒྱུས་ཡུན་རིང་ལྡན་པའི་༸གོང་ས་མཆོག་གི་ཡང་སྲིད་འདེམ་སྒྲུག་གི་ལུགས་སྲོལ་ལ་སྣང་མེད་བཏང་བར་མ་ཟད། གཞི་རྩའི་ཆོས་ལུགས་ཀྱི་རང་དབང་ལའང་རྡོག་རོལ་བཏང་བ་ཞིག་རེད་ཅེས་བརྗོད་འདུག

དེ་བཞིན། བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་གང་སར་གནས་པའི་བོད་མི་ཚོའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པ་དང་། བོད་མི་ཚོའི་མངོན་འདོད་མཚོན་ཐུབ་མཁན་དེའང་ཡིན། ཞེས་ཁྲིམས་འཆར་དེའི་ནང་དུ་འཁོད་ཡོད་འདུག

གཞན་ཡང་། ཁྲིམས་འཆར་དེའི་ནང་དུ། བོད་ཀྱི་ཁོར་ཡུག་གི་སྲུང་སྐྱོབ་སྐོར་དང་། བཙན་བྱོལ་བོད་མིར་རྒྱབ་སྐྱོར། རྒྱ་ནག་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་ཡང་འཁོད་འདུག

དེ་ཡང་། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མ་ཊེ་མེ་ཁ་སི( Matteo Mecacci)་ལགས་ཀྱིས་ཁྲིམས་འཆར་དེའི་སྐོར་འདི་ལྟར་བརྗོད་འདུག རྒྱ་གཞུང་གིས་ལོ་མང་གི་སྔོན་ནས་བོད་དབང་སྒྱུར་ཡོང་ཆེད་དུ། ༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཡུན་རིང་པོའི་ཐབས་བྱུས་འཐེན་ཡོད། དེར་བརྟེན། ཨ་རིའི་གྲོས་ཚོགས་འཐུས་མི་ ཇིམ་མེ་ཁི་གྷོ་ཝེར(James McGovern)་དང་མར་ཀོ་རུ་སྦི(Marco Rubio)་གཉིས་ཀྱིས་ཁྲིམས་འཆར་བཏོན་པ་དེ། ༸གོང་ས་མཆོག་གི་ཡང་སྲིད་དེ་བོད་མི་ཚོར་གནད་འགག་ཡིན་པ་དང་། དེ་ནི་འཛམ་གླིང་ཐོག་གི་ཆོས་དད་རང་དབང་ལ་བརྩི་བཀུར་བྱེད་པ་མཚོན་གྱི་ཡོད་ཅེས་བརྗོད་འདུག

ཁྲིམས་འཆར་དེའི་ནང་དུ། བོད་ཀྱི་ཁོར་ཡུག་དང་རྒྱུགས་ཆུ་སོགས་ལ་སྲུང་སྐྱོབ་བྱེད་པར་ཡང་དམིགས་ཡུལ་བཟུང་ཡོད་པ་དང་། དེ་ཚོ་ནི་ཨེ་ཤེ་ཡའི་མི་མང་འཐེམ་འབུམ་གཅིག་ལྷག་གི་འཚོ་གནས་སུ་གྱུར་པའི་འཐུང་ཆུ་ཡིན་ཞིང་། བོད་ནང་དུ་ཡོད་པའི་ཨ་རིའི་ཚོང་གཉེར་ཚོར་བོད་མི་ཚོའི་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་ཉེན་བརྡ་གཏོང་གི་ཡོད་ཅེས་ཁོང་གིས་བརྗོད་འདུག

ཁྲིམས་འཆར་དེ་མགྱོགས་པོར་མོས་མཐུན་བྱས་པ་ཡིན་ན། དེ་ནི་ཨ་རི་ཡིས་རྒྱ་གཞུང་ལ་བོད་ནི་ཨ་རིའི་བདེ་སྲུང་གི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་གནད་དོན་སེལ་ཐབས་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་སྤྲོད་རྒྱུ་ཁོ་ན་ཡིན་པར་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།