12
Sun, Jul

༢༠༢༠་ལོའི་ཟླ་༥་ཚེས་༡༡་ཉིན། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་མངའ་སྡེའི་བློན་ཆེན་རྣམ་པ་དང་མཉམ་དུ་དྲ་ཐོག་ནས་ཚོགས་འདུ་འཚོགས་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༡༡་ཉིན། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་དང་མངའ་སྡེའི་བློན་ཆེན་རྣམ་པས་ཏོག་ནད་དང་འབྲེལ་བའི་ཐོག་དྲ་ཐོག་ནས་ཚོགས་འདུ་ཞིག་ཚོགས་འདུག སྐབས་དེར། སྲིད་བློན་མཆོག་གིས་ཏོག་ནད་གྲོང་གསེབ་ཁག་ཏུ་མི་ཁྱབ་པའི་ཆེད་ཐེམ་སྤང་མུ་མཐུད་ནས་བྱེད་སྲིད་པ་དང་། མངའ་སྡེའི་བློན་ཆེན་པོ་མང་པོ་ཞིག་གིས་ཀྱང་ཐེམ་སྤང་མུ་མཐུད་ནས་གནང་རྒྱུའི་རེ་སྐུལ་གནང་འདུག

དེ་ཡང་། རྒྱ་གར་གྱི་དུས་བབ་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་དེའི་ནང་དུ། སྲིད་བློན་མོ་ཌི་མཆོག་གིས་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཏོག་དབྱིབས་གཉན་སྲིན་༡༩་པ་རྒྱ་ཁྱབ་མི་འགྲོ་བ་བྱེད་དགོས། དེ་ལྟར་བྱས་ན་ད་བར་ཐེམ་སྤང་བྱས་པ་ཆུད་ཟོས་སུ་མ་འགྲོ ད་ལྟར་ང་ཚོས་ཏོག་ནད་བྱུང་མེད་པའི་གྲོང་གསེབ་ཁག་ཏོག་ནད་ལས་ཐར་བར་སྲུང་སྐྱོབ་བྱེད་དགོས། དེར་བརྟེན། མངའ་སྡེ་ཁག་གི་ནང་དུ་ཐེམ་སྤང་གི་སྒྲིག་གཞི་ལྷོད་ཡངས་གཏོང་ཞོར་མུ་མཐུད་ནས་ཐེམ་སྤང་བྱེད་དགོས་པ་གལ་ཆེན་པོ་རེད། དེར་ལྟར་བྱས་ན་ཏོག་ནད་འབོར་ཆེན་ཡོད་པའི་མངའ་སྡེ་སོགས་ཀྱི་ནང་དུའང་དེའི་ཐོག་གདོང་ལེན་བྱེད་ཕྱོགས་ཐད་ལ་ཤུགས་སྣོན་རྒྱག་ཆོག་གི་རེད། ཅེས་བརྗོད་འདུག

དེ་ནས་མངའ་སྡེ་བློན་ཆེན་ཁག་གིས་མུ་མཐུད་ནས་ཐེམ་སྤང་བྱ་རྒྱུའི་རེ་སྐུལ་ཞུས་འདུག དེ་ཡང་། ཏོག་ནད་ཕོག་མཁན་མང་ཤོས་བྱུང་བའི་མཱ་ཧཱ་རཱ་ཤེ་ཊི་རའི་བློན་ཆེན་གྱིས་ཡོང་རྒྱུ་བསྡད་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཏོག་ནད་ཉེན་ཚབ་ཆེ་རུ་འགྲོ་རྒྱུ་རེད། དེར་བརྟེན། དེའི་ཐོག་གདོང་ལེན་ནན་པོ་བྱེད་དགོས། འོན་ཀྱང་། གཞུང་གི་ལས་བྱེད་དང་འཕྲོད་བསྟེན་སྡེ་ཚན་གྱི་ལས་བྱེད་བཅས་ལ་མེ་འཁོར་གཏོང་ཆོག་པའི་རེ་བ་ཞུས་འདུག གཞན་མངའ་སྡེ་གྷོ་ཇི་ར་ཏི་དང་། པན་ཇ་པུ། བྷི་ཧཱ། ཏཱ་མིན་ཎ་ཌོ། ཏཱ་ལི་ཎ་གྷ། ལྷོ་བྷན་གྷ་བཅས་ཀྱི་མངའ་སྡེའི་བློན་ཆེན་གྱིས་མུ་མཐུད་ནས་ཐེམ་སྤང་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ་དང་བྱེད་རོགས་བྱོས་ཞེས་རེ་སྐུལ་བྱས་འདུག འོན་ཀྱང་། དཔལ་འབྱོར་དཀའ་ངལ་ཡོད་པའི་ས་གནས་ཁག་ལ་ཏོག་ཙམ་ལྷོད་ཡངས་གཏོང་རྒྱུ་དང་གཞུང་ནས་མངའ་སྡེ་ཁག་ལ་རོགས་དངུལ་གནང་དགོས་པའི་རེ་སྐུལ་ཞུས་འདུག

ཧི་མ་ཅར་མངའ་སྡེའི་བློན་ཆེན་མཆོག་གིས་མངའ་སྡེ་ནང་དུ་ཉེ་ཆར་མངའ་སྡེ་གཞན་ནས་མི་འབུམ་གཅིག་འབྱོར་ཡོད་པ་དང་། ད་དུང་། མི་༥༥༠༠༠་མངའ་སྡེ་ནང་དུ་ལོག་ཡོང་འདོད་བྱེད་ཀྱི་འདུག ཕྱིར་ལོག་མཁན་ཚོར་ཟུར་སྡོད་བྱེད་དགོས་ཡོད་པ་དང་། ཁོ་ཚོར་མཉེན་ཆས་ཤིག་ཕབ་ལེན་བྱས་བཅུག་ནས་ཟུར་སྡོད་བཀའ་རྒྱ་མ་རྩིས་ནས་ཕྱིར་འགྲོ་བསྐྱོད་བྱེད་མིན་བཅས་ཀྱི་ཐོག་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཏོག་ནད་སྔོན་འགོག་ཆེད་ཐེམ་སྤང་བྱས་ཡོད་པའི་རྐྱེན་གྱིས་མངའ་སྡེའི་ཡུལ་སྐོར་སྤྲོ་འཁྱམ་སྡེ་ཚན་ལ་གྱོད་གུད་ཆེན་པོ་རེག་ཡོད། དེར་བརྟེན། ཡུལ་སྐོར་སྤྲོ་འཁྱམ་སྡེ་ཚན་ལ་ཁོ་ཚོའི་ལས་བྱེད་ཚོར་གླ་ཆ་སྤྲོད་ཆེད་མངའ་སྡེ་ནས་རོགས་རམ་བྱེད་རྒྱུ་ཡིན་སྐོར་དང་། དེ་བཞིན། གཞུང་ལམ་དང་གླ་རྒྱུད་རླུང་འཁོར་བཅས་ལ་ཟླ་བཞི་རིང་ཁྲལ་མེད་པ་བཟོ་རྒྱུ་ཡིན་པའང་བརྗོད་འདུག

ད་སྔ་རྒྱ་གར་ནང་དུ། ཏོག་དབྱིབས་གཉན་སྲིན་༡༩་པ་ཕོག་མཁན་༧༠༧༥༦་བྱུང་འདུག ད་ལྟར་སྨན་བཅོས་བྱེད་བཞིན་པ་ནི་༤༦༠༠༨་ཡོད་པ་དང་། དྲག་བསྐྱེད་བྱུང་ནས་ཁྱིམ་དུ་ལོག་མཁན་༢༢༤༥༤་དང་། འདས་གྲོངས་སུ་ཕྱིན་པའི་མི་གྲངས་ནི་༢༢༩༣་ཡིན་འདུག

ཧི་མ་ཅར་མངའ་སྡེའི་ནང་དུ། ད་སྔ་ཏོག་དབྱིབས་གཉན་སྲིན་༡༩་པ་ཕོག་མཁན་མི་༦༤་ལ་ཐོན་ཡོད་འདུག དེའི་ནང་ནས་མི་༣༥་དྲག་བསྐྱེད་བྱུང་ཡོད་པ་དང་། ད་ལྟར་མི་༢༣་སྨན་བཅོས་བྱེད་བཞིན་ཡོད་འདུག ཉེ་ཆར་གསར་དུ་བྱུང་བའི་ནད་པ་ནང་ནས་མི་བཅུ་ནི་ལྡི་ལི་དང་མངའ་སྡེ་གཞན་ནས་ཕྱིར་ལོག་ཡོང་བ་ཡིན་འདུག དེ་བཞིན་ཀང་ར་རྫོང་ཁོངས་པན་ཆ་རུ་ཁི་ལ་ཉེན་རྟོག་ཞིག་ཀྱང་ཏོག་ནད་ཕོག་པའི་གནས་ཚུལ་ཐོན་འདུག གཞན་ཡང་། ཧི་མ་ཅར་ཅམ་པཱ་རྫོང་ཁུངས་སུ་བུད་མེད་ཞིག་གིས་རང་ཉིད་ཀྱི་བུ་མོ་ལོ་ན་གཉིས་ཡིན་པ་ཞིག་ལ་ཏོག་ནད་ཕོག་ཡོད་པ་དང་མཉམ་དུ་བསྡད་ནས་ལྟ་སྐྱོང་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག ཁོ་མོ་ནི་རང་དོན་དོར་མཁན་གྱི་བུད་མེད་ཞིག་རེད་ཅེས་བསྟོད་བསྔགས་ཐོབ་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།