13
Wed, Nov

༢༠༡༩་ལོའི་ཟླ་༡༡་ཚེས་༤་ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༤ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དད་ལྡན་ཀོ་རི་ཡའི་ཆོས་པ་རྣམས་གཙོ་པའི་མི་མང་ལ་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་སོང་། དེའི་ཐོག དུས་རབས་ཉེར་གཅིག་གི་ནང་དུ་འཕྲུལ་ཆས་ཡར་རྒྱས་ག་ཚོད་ཕྱིན་ཡོད་རུང་། འཕྲུལ་ཆས་ཀྱིས་སེམས་ཀྱི་བདེ་སྡུག་བཅོས་མི་ཐུབ་ཅེས་༸གོང་ས་མཆོག་གིས་གསུངས་སོང་།

དེ་ཡང་། ཀོ་རི་ཡིའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་སོང་། ཐེངས་འདིའི་གསུང་ཆོས་ཀྱི་ཆེད་དུ་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་མི་གྲངས་ ༧༥༠་ལྷག་དང་། རྒྱ་ནག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོས་ཞུ་བ་གྲངས་ ༡༩༡༠་དང་། བོད་མི་སེར་སྐྱ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ༦༠༠༠ ལྷག་འཛོམས་འདུག

གསུང་ཆོས་ཀྱི་ཐོག་མར། ༸གོང་ས་མཆོག་གིས་ནང་ཆོས་ཀྱི་སྤྱི་བཤད་གནང་དོན། ད་ལྟ་ནི་དུས་རབས་ཉེར་གཅིག་གི་ནང་དུ་སླེབས་བསྡད་ཡོད། ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཚད་མཐོ་བོ་ཕྱིན་ཡོད། འདི་འདྲའི་དུས་ཚོད་ལ་ཆོས་ཀྱིས་མིར་ཕན་གང་འདྲ་ཐོགས་ཀྱི་ཡོད་དམ། ཆོས་ཞེས་པ་འདི་སྨོན་ལམ་བརྒྱབ་པ་ཁོ་ན་མིན། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པའི་བསླབ་བྱ་རྒྱག་གི་ཡོད། བྱམས་པ་དང་བརྩེ་བ་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་རེད་ལ་དགོས་མཁོ་ཡོད་པ་གསལ་པོ་ཞེ་དྲག་ཆགས་ཡོད། དེ་འདྲའི་བྱམས་བརྩེ་སྤེལ་བའི་ཆེད་དུ་ལྟ་གྲུབ་འདྲ་མིན་ཡོང་གི་ཡོད། ཆོས་ཁ་ཤས་ཀྱིས་འཇིག་བརྟེན་བཀོད་པ་པོ་གསུང་གི་ཡོད་པ་དང་། འཇིག་བརྟེན་བཀོད་པ་པོ་ནི་བརྩེ་བའི་བདག་ཉིད་ཅན་རེད་གསུང་གི་ཡོད་རེད། དེར་ཡིད་ཆེས་མཁན་ཚོ་ནི་ཁོང་གི་ཕྲུག་གུ་ཆགས་ཀྱི་ཡོད་རེད། དེར་བརྟེན། འཛམ་གླིང་ཐོག་གི་མི་རྣམས་ནི་སྤུན་མཆེད་ནང་བཞིན་ཆགས་ཡོད། གཅིག་གིས་གཅིག་ལ་བརྩེ་བ་སྤྲོད་དགོས་པ་ལས་ཕན་ཚུན་ལ་གསོད་རེ་བྱས་ན་ཤིན་ཏུ་མི་འོས་པ་ཤིག་རེད།

དེ་ཡང་། འཇིག་བརྟེན་བཀོད་པ་པོ་མི་འདོད་མཁན་ཚོར་ཆོས་ནི་རྒྱ་གར་གྱི་ནང་དུ་ལོ་ངོ་སུམ་སྟོང་སྔོན་ལ་ཆོས་བརྒྱུད་མང་པོ་བྱུང་ཡོད། དེའི་ནང་ནས་སངས་རྒྱས་ཀྱི་ཆོས་བྱུང་བ་རེད། བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གིས་མགོན་ཡིན། དེ་ཡིན་པའི་རྒྱུ་མཆན་ནི་སོ་སོས་ཡག་པོ་བྱས་ན་སོ་སོར་ཡག་པོ་ཡོང་གི་ཡོད། སོ་སོས་མི་གཞན་ལ་གནོད་པ་དང་འཚེ་བ་བྱས་ན་སོ་སོར་སྡུག་བསྔལ་ཡོང་གི་ཡོད། དེར་བརྟེན། སོ་སོའི་བདེ་སྡུག་གི་རྒྱུ་རྐྱེན་གཙོ་བོ་ནི་སོ་སོར་ཐུག་ཡོད་རེད་ཅེས་གསུངས་ཡོད། གང་ལྟར། བདེ་སྡུག་ནི་རྒྱུ་དང་འབྲས་བུའི་འབྲེལ་བའི་ཐོག་ནས་འགྲེལ་བཤད་རྒྱག་དུས། རྒྱུ་ནི་གཞན་ལ་ཕན་བཏགས་ནས་ཕན་པའི་རང་བཞིན་ཞིག་བྱས་ན་དེའི་འབྲས་བུ་རང་ཉིད་ལ་བདེ་བ་འབྱུང་གི་རེད། གཞན་ལ་གནོད་པའི་ལས་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད་ཅེས་ལས་འབྲས་ཀྱི་སྐད་ཆ་ཤོད་ཀྱི་ཡོད།

མདོར་ན། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་མཁན་དང་བདེ་བ་འདོད་མཁན་ཤ་སྟག་རེད། སངས་རྒྱས་ཀྱི་ཆོས་ནི་སེམས་ལ་བཟོ་བཅོས་རྒྱག་ཐབས་ཐོག་བཤད་ཀྱི་ཡོད། བདེ་སྡུག་གི་ཚོར་བ་དེ་ཤེས་པའི་སྟེང་ནས་ཡོང་གི་ཡོད། དེང་སང་ཕྱིའི་དངོས་པོ་ཁོ་ནའི་ཐོག་བསམ་བློ་གཏོང་མཁན་ཚོར་ཤེས་པའི་ཐོག་དོ་སྣང་བྱེད་ཀྱི་མེད་པ་རེད། དེ་ནི་མི་འདང་བའི་ཆ་རེད། དེར་བརྟེན། འཇིག་བརྟེན་བཀོད་པ་པོ་འདོད་མཁན་ཚོར་སྨོན་ལམ་རྒྱག་པ་མ་གཏོགས། ཤེས་པའི་ཐོག་བསམ་བློ་གཏོང་རྒྱུ་མེད། ཤེས་པའི་ཐོག་བསམ་བློ་གཏོང་རྒྱུ་ཡོད་པ་ནི་རྒྱ་གར་གྱི་ཆོས་ལུགས་རེད། དམིགས་བསལ་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ཡོད་རེད། དེ་ནི་ང་ཚོའི་མི་ཚེ་དང་འབྲེལ་བ་ཡོད་པ་ཞིག་རེད། ངོས་ཀྱིས་རྒྱུན་དུ་དེ་ཚོ་ཤེས་ཡོན་གྱི་སྡེ་ཚན་ནང་དུ་འཇོག་དགོས་པའི་སྐོར་བཤད་ཀྱི་ཡོད། མི་ཚང་མ་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་རྐྱང་ཡིན་ཙང་། སྡུག་བསྔལ་གྱི་རྒྱུ་རྩད་གཅོད་བྱེད་དགོས། དེར་འགོག་ཐབས་གང་འདུག་གམ། དེ་བཞིན་བདེ་བ་འདོད་ཀྱི་ཡོད་ཙང་། བདེ་བའི་རྒྱུ་སྒྲུབ་ཐབས་བྱེད་དགོས། བདེ་བའི་རྒྱུ་གོང་ནས་གོང་འཕེལ་གཏོང་དགོས།

ང་ཚོའི་ལུས་སེམས་མི་བདེ་བར་བཟོ་མཁན་གཙོ་བོ་ནི་ཆགས་སྡང་དང་རང་གཅེས་འཛིན་རེད། ཆགས་སྡང་སྐྱེས་སྐབས་བྱམས་བརྩེ་སྒོམ་ཐུབ་དགོས། དེའི་སྐབས། བློར་འགྱུར་བ་གཏོང་ཐུབ། དུས་རབས་ཉེར་གཅིག་གི་ནང་དུ་འཕྲུལ་ཆས་ཡར་རྒྱས་ག་ཚོད་ཕྱིན་ཡོད་རུང་། འཕྲུལ་ཆས་ཀྱིས་སེམས་ཀྱི་བདེ་སྡུག་ལ་བཟོ་ལྟ་བཟོ་ཐུབ་ཀྱི་མེད། དེར་བརྟེན། ཤེས་པ་ཁོ་རང་བཟོ་ལྟ་བཟོ་དགོས། སེམས་ཁམས་རིག་པ་བཤད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱུན་དུ་ཤེས་ཡོན་གྱི་ནང་དུ་སེམས་ཁམས་རིག་པ་ངེས་པར་དུ་སློབ་དགོས་འདུག རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ནང་དུ་བྱམས་བརྩེ་སྒོམ་དགོས་པ་དང་། འཚེ་བ་བྱེད་མི་རུང་བ། བྱམས་བརྩེ་སོགས་བཤད་ཀྱི་ཡོད། དེ་ཚོ་བསྐྱར་གསོ་ཡོང་ཐབས་ལ་ངོས་ཀྱིས་འབད་བརྩོན་དང་སྐུལ་མ་བྱེད་བཞིན་ཡོད། དེ་ཚོ་ནི་སྐྱེ་བ་སྔ་ཕྱིའི་སྐད་ཆ་མིན་པར། མི་ཚེ་འདིར་ཉིན་རེར་སེམས་ལ་ཞི་བདེ་ཡོང་ཐབས་དང་། གྲོགས་པོ་མང་པོ་ཡོང་ཐབས། བྱམས་བརྩེ་ཡོད་ན་སེམས་ལ་ཞི་བདེ་ཡོང་གི་རེད། སེམས་དཀྲུག་་མཁན་ནི་ཆགས་སྡང་རེད། སེམས་ལ་ཞི་བདེ་ཡོད་ན་ཆགས་སྡང་ག་ལེར་ཉུང་དུ་འགྲོ་བ་ཡིན། འཛམ་གླིང་འདིའི་ཐོག་བྱམས་བརྩེ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ནི་ཆོས་ཀྱི་སྐད་ཆ་མ་རེད། དེ་ནི་སེམས་སྐྱིད་པོ་ཡོང་བའི་ཆེད་དུ་རེད་སོགས་གསུངས་ཏེ། ཤེས་རབ་སྙིང་པོའི་སྤྱི་འགྲེལ་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།