26
Fri, Apr

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༢༦་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཤྲི་ཇཻ་རཱམ་ཋཱ་ཀུར་(Shri Jai Ram Thakur) ལགས་སུ་གསུང་འཕྲིན་ཞིག་སྩལ་ཏེ། ཏོག་དབྱིབས་ནད་ཡམས་(Corona-virus)འཛམ་གླིང་ཡོངས་སུ་མཆེད་ནས་ད་ལྟ་མངའ་སྡེ་འདིར་ཡང་སླེབས་ཡོད་པར་ཉིན་རེ་བཞིན་ཧུར་བརྩོན་ཆེན་པོས་ནད་ཡམས་ཚོད་འཛིན་ལ་འབད་བརྩོན་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ཡང་གསུང་འཕྲིན་ནང་དུ། ངོས་རང་ཧི་མ་ཅལ་མངའ་སྡེ་འདི་རུ་ཕ་ཡུལ་ལྟར་ལོ་ངོ་ ༦༠ ཙམ་རིང་བསྡད་པའི་རྐྱེན་གྱིས། རང་བཞིན་གྱིས་ཧི་མ་ཅལ་མངའ་སྡེའི་མི་མང་ལ་སེམས་ཐག་ཉེ་བོར་ཚོར་གྱི་ཡོད། དེར་བརྟེན། ངོས་ཀྱིས་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐེབས་རྩ་བརྒྱུད་མགོན་མེད་ཉམ་ཐག་ཚོར་ཉིན་རེའི་དགོས་མཁོའི་བཟའ་བཅའ་དང་སྨན་རིགས་སོགས་སུ་འགྲོ་གྲོན་གཏོང་ཆེད་ཞལ་འདེབས་ཕུལ་གྱི་ཡོད། ཅེས་བཀའ་གནང་ཡོད་པ་དང་།

མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག་གང་སར་མཆེད་བཞིན་པའི་ནད་ཡམས་བཀག་འགོག་ཆེད་ལས་འགུལ་རབ་དང་རིམ་པར་སྤེལ་བཞིན་པ་དེ་དག་གིས་ནུས་པ་ཐོན་པའི་ཡིད་ཆེས་ཡོད། ཅེས་བཀའ་ཕེབས་ཡོད།

ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།