13
Wed, Nov

༢༠༡༩་ལོའི་ཟླ་༡༠་ཚེས་༡༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས། དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་བཅའ་ཕུལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༠་ཚེས་༡༥་ཉིན། བཞུགས་སྒར་རྡ་སའི་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་དུ། ཕྱི་འབྲེལ་དྲུང་ཆེ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་བཅའ་ཕུལ་སོང་།

དེ་ཡང་། གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་དུ་དམ་འབུལ་གྱི་མཛད་སྒོའི་ཐོག ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་རྣམ་གཉིས། སྲིད་ཚབ་མཆོག བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན། སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་འགན་འཛིན་ཁག སྲི་ཞུའི་ལས་བྱེད་བཅས་འཛོམས་གནང་འདུག

མཛད་སྒོའི་ཐོག་མར། གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ནས་ཤིས་བརྗོད་གསུངས། དེ་ནས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་ ༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དེ་བཞིན་གནང་སོང་། དེའི་རྗེས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས། དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་སོང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་རྗེས། ཁྲིམས་ཞིབ་པ་ཆེ་བར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་སོང་། དེ་ནས། ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།

མཐའ་མར། གསར་དུ་ལས་འཁུར་དམ་འབུལ་ཞུས་པའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམ་ནོར་བུ་མཆོག་ལ་གསར་འགོད་ཚོས། མ་འོངས་པའི་ལས་འཆར་གང་ཡོད་སྐོར་འདྲི་སྐབས། ཁོང་གིས་འཚམས་འདྲི་དང་འབྲེལ་གསུང་དོན། མང་གཙོ་ཡང་དག་པ་ཞིག་འགྲོ་དགོས་ན། ང་ཚོས་བཅའ་ཁྲིམས་དང་སྒྲིག་གཞི་གོང་དུ་བཀུར་དགོས་རེད། དེར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་བའི་ཐོག་ནས་ཕྱག་ལས་གནང་གི་ཡིན་ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།