26
Fri, Apr

བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་གསར་པ་ལ་འཚམས་འཕྲིན་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་སྔོན་མ་ཇེ་ཀོབ་ཛུ་མ་ President Jacob Zuma མཆོག་སྲིད་འཛིན་ལས་གནས་ནས་དགོངས་པ་ཞུས་རྗེས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སེ་རིལ་རྭ་མ་ཧྥོ་ས་ Cyril Ramaphosa མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག

བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་སེ་རིལ་རྭ་མ་ཧྥོ་ས་མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་དུ་བསྐོ་གཞག་བྱུང་བར་ངས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་དེ་སྔ་ཧར་ཝ་ཌི་ Harvard མཐོ་སློབ་ཏུ་ཡོད་སྐབས་སྲིད་འཛིན་གསར་པ་མཆོག་གིས་ལྷོ་ཨ་ཕི་རི་ཁ་ནི་རྩ་ཁྲིམས་གཞིར་བཟུང་འདྲ་མཉམ་དང་རང་དབང་ཡོད་པའི་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་པའི་སྐོར་གསུང་བཤད་གནང་བ་དེ་དག་ཉན་རྒྱུའི་གོ་སྐབས་བྱུང་བ་དེ་ཐུགས་དྲན་གསོ་གནང་ཡོད།

དེ་སྔོན་སྲིད་སྐྱོངབློ་བཟང་སེང་གེ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དེ་སེམས་འགུལ་ཧ་ཅང་བྱུང་སྐོར་དང་། ལྷོ་ཨ་ཕི་རི་ཁའི་ནང་ཞི་བའི་ཐབས་ལམ་ལམ་ལྷོང་བྱུང་ཡོད་པ་བཞིན། བོད་ཀྱི་གནད་དོན་དེ་ཡང་ཞི་བའི་ཐོག་ནས་གསལ་ཐུབ་པའི་ཡིད་ཆེས་ཡོད། ཅེས་བཀོད་འདུག

སྐུ་ཞབས་སེ་་རིལ་རྭ་མ་ཧྤོ་ས་མཆོག་ནི་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་དམ་པ་ (Nelson Mandela) མཆོག་དང་ཧ་ཅང་བློ་ཐག་ཉེ་བོ་ཡིན་པ་མ་ཟད། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་མངོན་གསལ་དོད་པོ་ལས་དོན་ཤུགས་ཆེ་སྤེལ་གནང་མཁན་ཞིག་ཀྱང་ཡིན།ཞེས་བཀོད་འདུག