18
Thu, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༢༦ཉིན་སྤེལ། བོད་དབུས་རྒྱལ་རྩེ་ས་ཁུལ་གྱི་དམའ་རིམ་དང་འབྲིང་རིམ་སློབ་མར་རྒྱལ་གཅེས་ཀྱི་སློབ་དེབ་གསར་པ་བཀྲམས་ཏེ་རྒྱལ་གཅེས་སློབ་གསོ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། སློབ་དེབ་དེའི་ནང་དུ་རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་སྐོར་དང་ད་ལྟའི་བོད་ཀྱི་ཡར་རྒྱས་སོགས་ཀྱི་སྐོར་བྲིས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༡་ཉིན་རྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ནང་། བོད་དབུས་གཙང་རྒྱལ་རྩེ་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་སློབ་དེབ་གསར་པ་བཀྲམས་ནས་སློབ་ཕྲུག་ཚོར་རྒྱལ་གཅེས་སློབ་གསོ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད་འདུག

སློབ་དེབ་དེའི་མིང་བྱང་ལ་༼ མཛེས་སྡུག་ལྡན་པའི་རྒྱལ་རྩེ་ ༽་ཞེས་བཏགས་ཡོད་པ་དང་། དེ་ནི་ཧྲང་ཧེ་ནས་ཡོང་བའི་རྒྱལ་རྩེ་ས་ཁུལ་ཤེས་ཡོན་སྡེ་ཚན་གྱི་འགོ་ཁྲིད་ཅིག་གིས་བྲིས་པ་ཡིན་འདུག སློབ་དེབ་དེ་དག་སློབ་གྲྭ་ནང་འགྲེམས་སྤེལ་བྱས་ཚར་ཡོད་པ་དང་། སློབ་དུས་འགོ་འཛུགས་ནས་སློབ་འཆར་ཡོད་པ་རེད། སློབ་དེབ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་རྒྱ་གཉིས་བར་མཐུན་སྒྲིལ་དང་འབྲེལ་བ་ལེགས་པོ། དེ་བཞིན་རིག་གཞུང་བརྗེ་ལེན་བཅས་ཡིན་སྐོར་བརྗོད་ཀྱི་འདུག

སློབ་དེབ་དེར་གཙོ་བོ་སྡེ་ཚན་བཞི་ལ་དབྱེ་ཡོད་པ་དང་། དེའི་ནང་སློབ་ཕྲུག་ཚོར་རྒྱལ་གཅེས་ཀྱི་ཚོར་བ་སྐྱེས་པའི་སྡེ་ཚན་དང་། རྒྱལ་རྩེ་ས་ཁུངས་དེའི་ལོ་རྒྱུས་དང་ས་ཁམས། སྤྱོད་བཟང་སྐོར། གཞན་རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་གོང་གི་རྒྱ་མིས་བརྗོད་པའི་བོད་རྙིང་པ་དང་བོད་གསར་པའི་སྐོར། དེ་བཞིན་སློབ་ཕྲུག་ཚོར་རྒྱ་མིས་བོད་དེ་ད་ལྟར་ཡར་རྒྱས་ཇི་ལྟར་བཏང་ཡོད་པའི་སྐོར་སོགས་ཡིན་པ་རེད།

སློབ་དེབ་དེ་ནི་བོད་རྒྱ་སྐད་ཡིག་གཉིས་ཐོག་ནས་བྲིས་ཡོད་འདུག

རྒྱལ་རྩེ་ས་ཁུལ་གྱི་ཤེས་ཡོན་འགན་འཛིན་གཞོན་པ་གོ་ཧྲོ་པབ་གྱིས་བརྗོད་པ་ལྟར་ན། སློབ་དེབ་དེ་ད་དུང་ཧྲང་ཧེར་ཡོད་པའི་རྒྱ་རིགས་སློབ་ཕྲུག་ལ་བཀྲམས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཁོང་ཚོར་བོད་ཀྱི་རིག་གཞུང་ངོ་སྤྲོད་ཡོང་ཆེད་ཡིན་འདུག

རྒྱ་གཞུང་གིས་༡༩༨༠ལོ་ནས་བོད་དེ་རྒྱ་མི་རིགས་དང་འབྲེལ་བ་ཡོང་ཆེད་ལས་འགུལ་འདྲ་མིན་དང་རྒྱ་མི་ལས་བྱེད་བོད་ས་ཁུལ་དུ་བཏང་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།