26
Fri, Apr

ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ཆེ་བ་འདས་གྲོངས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༸གོང་ས་མཆོག་གིས་དམ་པ་ཁོང་དང་མཇལ་བ་དེ་ནི་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་ཆེས་ཐོག་མ་ཆགས་ཡོད། སྐབས་དེར་དམ་པ་ཁོང་གིས་བོད་མི་དང་བོད་ནང་གི་གནས་སྟངས་ལ་དོན་དམ་གྱི་ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ཞེས་གསུང་འདུག

དེ་ཡང་༢༠༡༨ལོའི་ཟླ་ ༡༡ ཚེས་ ༣༠ ཉིན། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཅི-ཨད་ཆི་ཌ་བྷ་ལུ-བྷུ་ཤི(George H.W. Bush) མཆོག་སྐུ་གྲོངས་ཡོད་ཅིང་། དགུང་ལོ་༩༤ལ་སོན་འདུག ཡིད་སྐྱོའི་གནས་ཚུལ་དེ་ཐོན་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྣམ་གཉིས་ཀྱི་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་སྲིད་པ་ཟུར་པ་ཁོང་ཚེ་ལས་འདས་པར་ཁོང་གི་བུ་ཇོར་ཅི-ཌ་བྷ་ལུ-བྷུ་ཤི (George W. Bush) མཆོག་ལ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག་ཅིང་། དེའི་ནང་འཁོད་དོན། སྐུ་ཉིད་ཀྱི་ཡབ་འདས་གྲོངས་སུ་གྱུར་བར་ངོས་རང་བློ་ཕམ་ཧ་ཅང་བྱུང་། དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་འདིར་ངོས་ཀྱིས་སྐུ་ཉིད་དང་ནང་མི་ལྟོས་བཅས་ཡོངས་ལ་ཡིད་གདུང་དྲག་པོས་སེམས་གསོ་ཞུ་བཞིན་ཡོད། ངོས་ཀྱིས་དམ་པ་ཁོང་དང་མཇལ་བ་དེ་ནི་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་ཆེས་ཐོག་མ་ཆགས་ཡོད། སྐབས་དེར་དམ་པ་ཁོང་གིས་བོད་མི་དང་བོད་ནང་གི་གནས་སྟངས་ལ་དོན་དམ་གྱི་ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ཞེས་དང་།

ཡང་ཁོང་གི་ཡུབ་ཀྱིས་སྐུ་ཧྲིལ་བོར་མི་མང་གི་བདེ་དོན་ཆེད་ཕྱག་ལས་གནང་བར་༸གོང་ས་མཆོག་གིས་གསུང་འཕྲིན་ནང་འདི་ལྟར་བསྔགས་བརྗོད་གནང་ཡོད་དོན། སྤྱིར་ཡབ་འདས་གྲོངས་སུ་གྱུར་བ་ནི་གསབ་ཏུ་མེད་པའི་གྱོང་གུན་ཞིག་རེད། འོན་ཀྱང་། དམ་པ་ཁོང་ལ་མཚོན་ན་དགུང་གྲངས་༩༤ བར་སྐུ་འཚོ་བཞུགས་མཛད་པ་ཙམ་མ་ཟད། སྐུ་ཚེ་ཧྲིལ་པོའི་རིང་མི་མང་གི་བདེ་དོན་ཆེད་ཕྱག་ལས་གནང་བར་བརྟེན་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་གནང་བ་རེད། དེར་བརྟེན། དགའ་བ་བསྒོམ་འོས་པ་ཞིག་ཀྱང་རེད། ངོས་ཀྱི་མཛའ་ཞིང་བརྩེ་བའི་གྲོགས་པོ་སྐུ་ཉིད་ཀྱི་ཡབ་ཡུམ་གཉིས་ཀྱིས་སྐུ་ཉིད་ཙམ་མ་ཟད། བུ་ཕྲུག་གཞན་ཚོར་ཡང་གཞན་དོན་ཆེད་ཕྱག་ལས་གནང་དགོས་པའི་བརྒྱུད་སྐུལ་ལམ་སྟོན་གནང་བ་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་འཁོད་འདུག

དེ་ནས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཅི་བྷུ་ཤི་མཆོག་འདས་གྲོངས་སུ་གྱུར་བའི་སྟབས་མ་ལེགས་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་བས་རང་ཉིད་བློ་ཕམ་བྱུང་། སེམས་སྡུག་གི་སྐབས་འདིར་ངས་བོད་མིའི་སྒྲིག་འཛུགས་དང་། བོད་རྒྱ་ཆེ་མི་མང་གི་ཚབ་ཞུས་ཏེ་འདས་པོ་དམ་པ་དེ་ཉིད་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་དང་།

ཡང་༸གོང་ས་མཆོག་དང་སྲིད་འཛིན་ཟུར་པ་ཁོང་གཉིས་ཀྱི་འབྲེལ་བའི་ཐད་ནས་ཀྱང་སྲིད་སྐྱོང་མཆོག་གི་གསུང་འཕྲིན་དུ་འདི་ལྟར་འཁོད་དོན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཅི་བྷུ་ཤི་མཆོག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་དང་པོ་མཇལ་འཕྲད་ཞུ་མཁན་གྱི་ཨ་རིའི་སྲིད་འཛིན་དེ་ཡིན་ཞིང་། དམ་པ་དེ་ཉིད་ཀྱིས་འཛམ་གླིང་གི་དབུ་ཁྲིད་རྣམ་པ་ཚོར་གཟི་བརྗིད་ཆེ་བའི་མིག་དཔེ་བཟང་པོ་ཞིག་བཞག་ཡོད། ཕྱི་ལོ་ ༡༩༩༤ ཟླ་ ༤ ནང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཅི་བྷུ་ཤི་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་གནང་རྗེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་ལྡོག་རོལ་གཏོང་བཞིན་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་སྐོར་གསུང་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཀྱང་ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་དེ་ལྟར་གསུངས་ཡོད། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཅི་བྷུ་ཤི་མཆོག་གིས་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ལོ་ངོ་ ༤༠ རིང་ཞབས་འདེགས་བསྒྲུབས་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོས་རླབས་ཆེན་གྱི་དབུ་ཁྲིད་དེ་ལྟ་བུ་འདས་གྲོངས་སུ་གྱུར་བར་བློ་ཕམ་གནང་བཞིན་ཡོད། ང་ཚོས་དམ་པ་དེ་ཉིད་ཡིད་ལ་དྲན་པའི་ཐོག་སྨོན་ལམ་འདེབས་ངེས་ཡིན། ཞེས་འཁོད་འདུག