26
Fri, Apr

སྐྱབས་རྗེ་ཀིརྟི་མཆོག་གིས་གསུང་བཤད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བཙན་བྱོལ་འདི་སྐྱིད་པོ་བདེ་བོ་ཞིག་བྱུང་ན་མདོ་སྨད་ཀྱང་རང་བཞིན་གྱིས་བྱུང་གི་རེད། མདོ་སྨད་ཟེར་བ་བཙན་བྱོལ་སྤྱི་ཚོགས་དང་ལོགས་སུ་ཐོན་ནས་ཡོད་པ་ཞིག་མ་རེད་ཅེས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་གིས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་ཆེན་གྱི་མཛད་སྒོའི་སྟེང་དུ་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཙམ་ནས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུས་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་ཆེན་གྱི་ཚོགས་འདུ་ཀི་རྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་འཚོགས་ཡོད་འདུག དེ་ཡང་ཚོགས་འདུའི་མཛད་སྒོའི་སྟེང་དུ་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀི་རྟི་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་སྐུ་ངོ་ཐུབ་བསྟན་ལུང་རིག གཞན་ཡང་དབུས་མདོ་སྨད་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་རྣམ་པ་དང་ས་གནས་ཁག་ནས་ཕེབས་པའི་རྒྱུས་ལག་རྣམ་པ་སོགས་ཚང་འཛོམས་ཐོག སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་གྲུབ་རྗེས་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་སོང་བ་དང་ཆབས་ཅིག་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དུས་ཡུན་སྐར་མ་གཅིག་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་སོང་།
དེ་ནས་ཚོགས་ཞུགས་མི་སྣ་ཡོངས་ལ་གསོལ་ཇ་དང་འབྲས་བསིལ་འབུལ་འདེགས་ཞུ་རྗེས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་རྔ་བ་གངས་རི་ལགས་ཀྱིས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱག་གནང་སྟངས་དང་འདས་པའི་ལོ་གསུམ་གྱི་རིང་ཕཡག་ལས་གནང་པའི་གྲུབ་འབྲས་སྐོར་ནས་དུས་ཡུན་སྐར་མ་བཅུའི་རིང་ཚོགས་ཆེན་དབུ་འབྱེད་གསུང་བཤད་གནང་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་གི་སྐུ་ཚེའི་མཛད་རྣམ(ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ།)ཞེས་པའི་ཕྱག་དེབ་བོད་འགྱུར་མ་དབུ་འབྱེད་གནང་སོང་ལ་ཕྱག་དེབ་བོད་འགྱུར་གནང་མཁན་ཤེས་རབ་དར་རྒྱས་ལགས་དང་བུདངྷ་སྐྱབས་ལགས་གཉིས་ཀྱི་སྐུ་ཚབ་ལ་ཐུགས་རྗེའི་ལེགས་འབུལ་གནང་སོང་།
དེ་ནས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དྲུང་ཆེ་ཆོས་འཛིན་ལགས་ཀྱིས་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུ་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་ཞབས་འདེགས་བསྒྲུབས་ཏེ་ཞབས་ལོ་ཉི་ཤུ་བརྒལ་བའི་གཞུང་ཞབས་ལས་བྱེད་ཟུར་བ་བཀའ་བློན་སྐུ་ངོ་འཕགས་པ་ཚེ་རིང་ལགས་དང་། དྲུང་ཆེ་སྐུ་ངོ་རྔ་བ་ཚེ་རྒྱམ། ལས་བྱེད་ཟུར་བ་རིག་འཛིན་ཆོས་འཕེལ། ལས་བྱེད་ཟུར་བ་འོ་དབྱངས་མཚོ་ལགས་བཅས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་དང་སྒྲུབ་སྟེང་མི་ལོ་ཉི་ཤུ་ལྷག་ལ་ཞབས་ཞུ་ཞུས་པར་ཐུགས་རྗེ་གཟེངས་བསྟོད་ཕྱག་འཁྱེར་གནང་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་གྲུབ་རྗེས། དམིགས་བསལ་སྐུ་མགྲོན་སྐུ་ངོ་ཐུབ་བསྟན་ལུང་རིག་མཆོག་གིས་(མདོ་སྨད་གླིང་།)དྲ་ཚོམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་བ་དང་ཁོང་གིས་མུ་མཐུད་དུ་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་ཐོབ་པའི་ཤ་བོ་མཆོད་རྟེན་དང་རིན་ཆེན་སྐྱིད། བསྟན་འཛིན་མཚོ་བཅས་ལ་བྱ་དགའི་གཟེངས་རྟགས་གནང་སོང་།
དེ་ནས་དམིགས་བསལ་སྐུ་མགྲོན་དང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་བཀར་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་གིས་བཀའ་སློབ་ལམ་སྟོན་གནང་སོང་། བཀའ་ཟུར་སྤྱི་འཐུས་མཆོག་གིས་ད་ལའི་དུས་སུ་བཙན་བྱོལ་སྤྱི་ཚོགས་ཧ་ཅང་འཁྲུགས་ཆ་དོད་པོ་ཆགས་ཡོད་པ་དང་ཆིག་སྒྲིག་གི་སྟེང་ནས་ཏན་ཏན་འཐུས་ཤོར་ཕྱིན་ཡོད། ཡིན་ཡང་། ད་ནས་བཟུང་བཙན་བྱོལ་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གིས་བཀའ་གཞི་བཟུང་བྱས་ནས་ཆིག་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་པ་དེ་གལ་ཆེ་ཡིན་པོ་ཡིན་སྐོར་དང་། ཡང་ཁོང་གིས་བཙན་བྱོལ་བོད་མི་ཆིག་སྒྲིལ་ཡོང་ཆེད་མདོ་སྨད་ཀྱི་ཁེ་ཕན་རེ་ཟུང་བློས་གཏོང་བྱེད་དགོས་ཀྱང་ངེས་པར་བྱེད་དགོས། བཙན་བྱོལ་འདི་སྐྱིད་པོ་བདེ་བོ་ཞིག་བྱུང་ན་མདོ་སྨད་ཀྱང་རང་བཞིན་གྱིས་བྱུང་གི་རེད། མདོ་སྨད་ཟེར་བ་བཙན་བྱོལ་སྤྱི་ཚོགས་དང་ལོགས་སུ་ཐོན་ནས་ཡོད་པ་ཞིག་མ་རེད། གལ་ཏེ་ང་ཚོ་འདི་ལྟར་མུ་མཐུད་དུ་ཕྱིན་པ་ཡིན་ན་ཉིན་མ་གཅིག་ལ་ཡོང་རྒྱུ་གཅིག་ཡོད་རེད། དེ་ཤིན་ཏུ་ལྐོག་འགྱུར་ཞིག་མ་རེད་ལ་ལྐོག་འགྱུར་ཡང་མ་རེད། དེ་རྗེས་དཔག་ཚད་མས་དཔྱད་དགོས་པ་ཞིག་མ་རེད་ མངོན་གསུམ་ཚད་མས་ད་ལྟ་ནས་མཐོང་བསྡད་པ་ཞིག་རེད། དེ་བཞིན་ཉེ་ལམ་ནས་༧གོང་ས་མཆོག་གིས་ག་དུས་ཡིན་ཡང་སྐུ་ཐང་ཆད་ཀི་ཞེས་གསུང་བསྟུད་མར་ཕེབས་ཀྱིན་འདུག ང་རང་གི་བསམ་ཚུལ་ཡིན་ན་འདི་ནི་ང་ཚོས་བྱེད་སྟངས་ལ་སྐུ་ཐང་ཆད་པ་གཅིག་པོ་མིན་པར་ཐུགས་ཐང་ཡང་ཆད་ཀི་ཡོད་ས་རེད་ལ། ང་ཚོ་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་ཕྱཱ་ལ་ག་རེ་བྱེད་དགོས་ཞེས་ཞེ་དྲག་གསུང་བསྡད་ཀྱིན་འདུག ༧གོང་ས་མཆོག་གི་སྐུ་ཕྱཱ་ཡག་ཤོས་དེ་ཆིག་སྒྲིལ་བྱེད་རྒྱུ་དེ་རེད་བསམ་བསྡད་ཡོད། མ་ཟད་མདོ་སྨད་ཆོལ་ཁ་ཡང་ཆུང་ཆུང་ཞིག་ལས་ཡོད་མ་རེད་ཀྱང་དེའི་ནང་དུ་ཡང་མི་འགྲིག་པ་བྱུང་གྲབས་བྱུང་གྲབས་འདྲ་འདུག དེ་ཡང་ཏན་ཏན་འཐུས་ཤོར་ཞིག་རེད་དྲན་གི་ཞེས་བཀའ་སློབ་ཟམ་རྒྱས་གནང་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་མཆོག་གིས་བཀའ་སློབ་གནང་བ་དང་ཁོང་གིས། ང་ལ་དམིགས་བསལ་མང་པོ་བཤད་རྒྱུ་ཅང་མེད། ཡིན་ཡང་འདི་ནས་ཅིག་བཤད་དགོས་པ་སོང་ཙང་ཐོག་མར་ཁྱེད་རྣམ་པར་ཚང་མ་ལ་འཚམས་འདྲི་སྦྲགས། ༧སྐྱབས་མགོན་རིན་པོ་ཆེའི་དགོས་པ་བཞིན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ཞེས་པ་ལྟར། ནམ་ཞིག་འདི་འདྲ་སྒུག་སྡོད་པའི་བོད་ནང་གི་བོད་མི་བོད་མི་ཚོ་ལ་རྒྱུད་ལམ་འདི་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་མདོ་སྨད་རྒྱུན་ལས་ཁང་གི་གནང་ཟིན་པ་དང་གནང་རྒྱུར་ཡོད་པའི་ལས་ཀ་རྣམས་ཧུར་ཐག་གིས་གནང་དགོས་པ་དང་། གོང་དུ་གསུངས་པ་བཞིན་ད་ཆ་བཙན་བྱོལ་སྤྱི་ཚཔགས་ཕྲན་བུ་ནང་འགལ་དང་། ཟམ་གདོང་རིན་ཆེའི་ཚིག་ཅིག་དྲངས་ན་མང་གཙོ་འགྲན་སྡུར་བཟོ་འདྲ་བོ་ཡོང་བསྡད་འདུག འདི་འདྲ་ལ་མི་རེ་ངོ་རེ་ནས་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། ༧རྒྱལ་བ་རིན་པོ་ཆེས་ག་དུས་ཡིན་ན་ང་ཤི་དུས་བག་དྲོ་བྱས་ནས་ཤི་ཆོག་པ་བྱེད་རོགས་ཞེས་གསུངས་བསྡད་ཡོད་རེད། གསུངས་པ་བཞིན་ང་ཚོ་མི་རེ་ངོ་རེ་ནས་ཆིག་སྒྲིལ་ལ་བསམ་བློ་གཏོང་པ་གལ་ཆེན་པོ་རེད། དཔེར་ན་ང་ཉེ་ཆར་གློ་བུར་དུ་ན་བ་རེད་དེ་ཡང་མཐར་གཏུགས་སོང་ན་སེམས་མ་སྐྱིད་པ་བཞིན་༧གོང་ས་མཆོག་ཐུགས་ཕམ་ཡོང་བ་ཞིག་གཏན་ནས་བཟོ་རྒྱུ་ཡོད་མ་རེད། ཐེ་ཝན་ཡིན་ན་མི་རེ་ངོ་རེ་ནས་འགན་འཁུར་ནས་གང་ས་གང་དུ་གད་སྙིགས་མི་གཏོར་བ་དང་ཐ་ན་སོ་སོའི་ཁྱིའི་མི་གཙང་བ་ཡང་སོ་སོས་བདག་པོ་བརྒྱབ་འགྲོ་བས་གང་དུ་གད་སྙིགས་མཐོང་རྒྱུ་མི་འདུག དེ་ནང་བཞིན་ང་ཚོས་མི་རེ་ངོ་རེ་ནས་འགན་འདྲ་འཁུར་བཞག་ནས་ནུས་པ་ཡོང་རྒྱུ་ཡོད་རེད། དེ་བཞིན་ང་ན་ནས་སྨན་ཁང་དུ་ཡོད་དུས་མདོ་སྨད་རྒྱུན་སྐོར་ཞིག་འཚམས་གཟིགས་ཐེངས་ཤས་གནང་བྱུང་། ཁྱེད་ཚོས་ང་བོད་མི་ཞིག་མདོ་སྨད་པ་ཞིག ༧རྒྱལ་བ་རིན་པོ་ཆེའི་ཞབས་ཞུ་མཁན་གྱི་མདོ་སྨད་རྒན་གྲས་ཤིག་ལ་བརྩིས་ཏེ་ཐུགས་འཁུར་གནང་དགོས་པ་བཀའ་དྲིན་ཆེ་ཞུ་བ་ཡིན།
དེ་བཞིན་མདོ་སྨད་རྒྱུས་ལས་པ་ངོས་ནས་ལས་དགོས་པ་རེ་ཡོད་པ་ནི་༧རྒྱལ་བ་རིན་པོ་ཆེ་ནི་དགུང་ལོ་མཐོན་པོ་རེད་སྐུ་ཚེ་འདིར་ཁོང་མདོ་སྨད་པ་ཞིག་ཡིན་པའི་ངོས་ནས་རྒྱུན་ལས་པ་ཚོས་མ་འོངས་ཁོང་གི་ཡང་སྲིད་སྐོར་ནས་ཁོང་སྐུ་དངོས་ལ་བཀའ་འདྲི་ཞུ་དགོས་པ་དང་རྒྱ་ནག་དང་ཁ་གཏད་བྱེད་དགོས་ས་མང་པོ་ཡོད་རེད་བསམ་གི་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་།
མཐར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ཁང་གི་རྒྱུན་ལས་སྐུ་ངོ་ཀརྨ་དགེ་ལེགས་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་གྲུབ་མཚམས་ཚོགས་ཆེན་གྱི་མཛད་སྒོ་ཡོངས་སུ་གྲོལ་སོང་།