14
Fri, Dec
21 New Articles

རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།

བཙན་བྱོལ་གྱི་གསར་འགྱུར།
Typography

ང་ཚོ་དང་འབྲེལ་བ་ཆེ་ཤོས་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། མི་རིགས་དང་ཆོས་ལུགས། སྐད་ཡིག་དབྱེ་འབྱེད་སོགས་ཀྱི་མནར་གཅོད་གནས་སྟངས་འོག་ན་ཡོད་པའི་བོད་མི་རྣམས་དང་འབྲེལ་བའི་ཐོག་ནས་ང་ཚོས་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད་རེད་ཅེས་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཞོན་ལགས་ནས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་༣༠་ནས་ཉིན་གུང་༠༡་༣༠་བར་བོད་ཀྱི་དགུ་བཅུ་གསུམ་ཚོགས་པས་(རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ།)ཞེས་པའི་ལས་འགུལ་ཞིག་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་གསར་བའི་ནང་དུ་སྤེལ་སོང་། འཛད་སྒོའི་ཐོག་ཏུ་རྡ་སྟེང་བོད་ཁྱིམ་གྱི་འཛིན་རིམ་བདུན་པའི་སློབ་མ་ཆ་ཚང་ཞུགས་འདུག དེ་ཡང་འཛད་སྒོའི་ཐོག་མར་ཚོགས་པའི་ཚོགས་གཞོན་མཆོག་དེ་རིང་ང་ཚོས་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་གྱི་ཉིན་མོ་ཐེངས་ཉེར་གཅིག་པ་དེ་སྲུང་བརྩི་ཞུ་དགོས་ནི་འཛམ་གླིང་གི་ས་ཕྱོགས་གང་སར་ན་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད་སོགས་ཀྱི་འོག་ནས་མནར་གཅོད་མྱོང་གིན་ཡོད་པས།

༡༩༩༧་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་དེ་དག་འདྲ་བ་བསྐྱར་དུ་མི་འོང་བའི་ཆེད་དུ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ།་ཞེས་པ་གཏན་འབེབས་གནང་བ་རེད། དེ་བཞིན་དེ་རིང་འདི་ནས་ང་ཚོས་ཉིན་མོ་འདི་སྲུང་བརྩི་ཞུ་དགོས་པ་དང་ང་ཚོས་འདི་ལྟར་སྲུང་བརྩི་ཞུས་པ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ནས་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད་རེད། དེ་བཞིན་ང་ཚོ་དང་འབྲེལ་བ་ཆེ་ཤོས་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། མི་རིགས་དང་ཆོས་ལུགས། སྐད་ཡིག་དབྱེ་འབྱེད་སོགས་ཀྱི་མནར་གཅོད་གནས་སྟངས་འོག་ན་ཡོད་པའི་བོད་མི་རྣམས་དང་འབྲེལ་བའི་ཐོག་ནས་ང་ཚོས་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད་རེད་ཅེས་གསུངས་སོང་།

དེ་བཞིན་ད་ཐེངས་ལས་འགུལ་གྱི་རྣམ་པ་ནི་འཛིན་རིམ་བདུན་པའི་སློབ་མ་རེ་རེ་ལ་རས་དཀར་གྲུ་བཞི་རེ་སྤྲད་དེ། དེའི་ཐོག་ཏུ་(རྨི་ལམ་གྱི་ཡོལ་བ།)ཞེས་པའི་ཁ་བྱང་ངམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་དང་འབྲེལ་བའི་རི་མོ་དང་ལྷག་པར་དུ་བོད་རིགས་ཀྱིས་མྱངས་པའི་མནར་གཅོད་མཚོན་པའི་འཆར་སྣང་གི་རི་མོ་འབྲི་དགོས་པ་དང་། ཆུ་ཚོད་གཅིག་གི་དུས་ཡུན་ནང་རི་མོ་བྲིས་ཟིན་རྗེས་རས་དཀར་གྲུ་བཞི་རྣམས་ཕྱོགས་གཅིག་ཏུ་འཚེམ་ནས་རས་ཡུག་ཆེན་པོ་ཞིག་ཏུ་བཟོས་ནས་ཚོགས་ཁང་ནང་དུ་བཤམ་སྟོན་བྱས་སོང་།

དེ་བཞིན་སློབ་མ་རྣམས་འཛིན་རིམ་བདུན་པ་ཡིན་ཡང་སྡེ་ཚན་བཞི་ཡོད་པས་མཐར་སྡེ་ཚན་རེ་ཡི་སྐུ་ཚབ་སློབ་མ་གཉིས་རེས་དེ་རིང་གི་ཉིན་མོ་དང་འབྲེལ་བའི་བསམ་ཚུལ་ཐུང་ཐུང་རེ་བཤད་སོང་། དེ་ག་གསར་འགོད་པས་སློབ་མ་རྣམས་ཀྱིས་རི་མོ་འབྲི་བཞིན་པའི་སྐབས་འཛིན་རིམ་བདུན་པ་པདྨ་ནས་ཡིན་པའི་སློབ་མ་བསྟན་འཛིན་རིན་ཆེན་ལགས་སུ་ཁོང་གིས་འབྲི་བཞིན་པའི་རི་མོ་སྐོར་ལ་དྲི་བ་དྲིས་པར། ཐོག་མར་ཁོང་གིས་རང་ཉིད་ངོ་སྤྲོད་དང་དེ་ནས་ཁོང་གིས་རང་ཉིད་ཀྱི་རི་མོ་ངོ་སྤྲོད་གནང་བྱུང་། ཁོང་གི་རི་མོ་ནི་རྩིག་གྱང་གི་བཟོ་ལྟ་ཞིག་འབྲི་བཞིན་འདུག་པ་དང་ཁོང་གིས་དེ་ནི་རྒྱ་མིའི་བཙོན་ཁང་རེད་ཟེར། གསར་འགོད་པའི་བཙོན་ཁང་འདིའི་ནང་དུ་སུ་ཡོད་རེད་ཅེས་དྲིས་དུས་ཁོང་གིས་འདིའི་ནང་དུ་སྐུ་ཞབས་ལགས་ཡོད་རེད་དང་། གསར་འགོད་པས་ཡང་མུ་མཐུད་དུ་སྐུ་ཞབས་དེ་སུ་རེད་དམ་ཞེས་དྲིས་ཁོང་གིས་ད་དུང་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།

གསལ་བསྒྲགས་ཀྱི་ས་མིག