26
Fri, Apr

སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གིས་༸གོང་ས་མཆོག་ལ་གསར་མཇལ་ཞུས་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གནས་ཚུལ་ཐོན་གསལ་ལྟར་ན། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་ ༣༤པ་མཆོག་གིས་རྡ་རམ་ས་ལའི་རྒྱལ་བའི་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུས་ཡོད་འདུག

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་༢༠༡༨ཟླ་༤ཚེས་༦སྔ་དྲོ་ཆུ་ཚོད་༡༠།༤༥ཙམ་ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གིས་རྡ་རམ་ས་ལའི་རྒྱལ་བའི་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ལ་གསར་མཇལ་ཞུས་ཡོད་པ་རེད།

དེ་ཡང་ཐོག་མར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་སྐུ་རྟེན་སྟོན་པ་ཁྲི་གཙུག་རྒྱལ་བའི་གསེར་སྐུ་དང༌། གསུང་རྟེན་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་མདོ་དྲི་མེད་གཟི་བརྗིད། ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་ཕུལ་སྟེ་གསར་མཇལ་ཞུས་པ་དང༌།

དེ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་དང་འབྲེལ་བོན་དགོན་སྤྱི་དང༌། བཙུན་མའི་དགོན་པར་སློབ་གཉེར་སྐོར་ལ་ཤུགས་སྐྱོན་དགོས་པའི་སྐོར་དང༌། ཞང་ཞུང་མངའ་རིས་ཀྱི་སྐོར། བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་བོན་པོ་ལ་ཐུག་ཡོད་སྐོར་སོགས་བཀའ་གནང་བ་དང༌། གདན་ས་ཆེན་མོ་སྨན་རིའི་གླིང་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཕྱག་བཏབ་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱི་སློབ་གཉེར་གནང་ཕྱོགས་དང་རྩོད་པ་གནང་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་འདུག

ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་བབས་པར་རྗེས་སུ་ཡི་རངས་དང༌། མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་སོགས་ལ་གསུང་མོལ་ཞིབ་ལྷུག་གནང་ཡོད་པ་རེད། སྐབས་དེར་ན་རི་བའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གསར་མཇལ་དང་ལྷན་དུ་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང༌། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དགེ་བཤེས་ཤེ་ཙུ་རྒྱ་མཚོ་ལགས་སོགས་མཉམ་བཅར་ཞུས་ཡོད་པ་བཅས།།