ས་གོ་ལའི་ཐོག་གི་རྒྱལ་ཁབ་དང་མི་མང་ཕལ་མོ་ཆེས་བོད་ཡུལ་ལམ་བོད་རྒྱལ་ཁབ་ནི་”འཛམ་གླིང་ཡང་རྩེ”ཞེས་འབོད་པ་རེད། དེ་ལྟར་འབོད་དགོས་དོན་ནི། རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པས་ཡིན་ཏེ།
བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་མི་ཊར་༤༩༠༠ལྷག་ཡིན། བོད་ལ་མཚོན་ན་འདི་ནི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ཡིན་ནའང༌། རྒྱལ་ཁབ་ཁ་ཤས་ནང་ས་བབ་དང་རི་རྒྱུད་མཐོ་ཤོས་ཀྱང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་ཆེས་དམའ་བ་ཡོད་པ་རེད། བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན་ལ། ལྷ་ས་ནི་འཛམ་གླིང་ནང་ས་བབ་མཐོ་ཤོས་སུ་ཆགས་པའི་རྒྱལ་སའམ་གྲོང་ཁྱེར་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན་པ་རེད། དེ་བཞིན་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ཡིན། བོད་རྒྱལ་ཁབ་ཀྱི་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་འཛིན་སྐྱོང་གི་མངའ་ཁོངས་སུ་དབུས་གཙང་དང༌། མདོ་སྟོད། མདོ་སྨད་བཅས་བོད་ཀྱི་ས་ཁྱོན་ཡོངས་རྫོགས་གཏོགས་པ་དང༌། དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་༢་༥ལྷག་ཡོད་ཅིང༌། དེ་ནི་ཡོ་རོབ་གླིང་ཕྲན་དུ་ཡོད་པའི་ཧྥི་རན་སིའི་རྒྱལ་ཁབ་ཀྱི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་དང། ཉི་ཧོང་ངམ་འཇར་པན་གྱི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད། ལོ་རྒྱུས་ཐོག་བོད་རྒྱལ་ཁབ་ལ་བདག་དབང་ཡོད་པའི་ས་ཡོངས་ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་༡/༤ལྷག་ཟིན་གྱི་ཡོད། འོན་ཀྱང་བོད་ཁྱོན་ཡོངས་ལ་མི་འབོར་ས་ཡ་༦ལྷག་ལས་མེད་ཅེས་དེ་སྔ་དང་ལྷག་པར་དུ་༡༩༥༩ལོ་ནས་ཤོད་སྲོལ་ཆགས། དེར་བརྟེན་བོད་ནི་མི་འབོར་ཉུང་ལ་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ཞིག་རེད།།