ཕྱི་ལོ་༢༠༢༤ ཟླ་༩ ཚེས་༢༥ ཉིན་སྤེལ། བོད་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་འདི་ལོའི་གསུམ་བཅུ་དུས་དྲན་ཉིན་ལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཤིག་སྐད་འཕྲིན་ཐོག་བརྒྱུད་འགོད་གནང་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད། ཉེ་ཆར་ཁྲིམས་ཁང་ཞིག་གིས་ཁོང་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་། འདི་ག་གསར་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། དགེ་འདུན་བྱམས་པ་ཆོས་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༠ ཉིན་ནམ། འདི་ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་མོ་ལ་དུས་དྲན་རྗེས་དྲན་དང་འབྲེལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཚན་པ་ཤིག་སྐད་འཕྲིན་ཐོག་བརྒྱུད་འགོད་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་འདི་ལོའི་ཟླ་༣ པའི་ཟླ་དཀྱིལ་དུ་ཁོང་རང་ཤག་ནས་འཛིན་བཟུང་བྱས་འདུག
འབྲེལ་ཡོད་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་དོན། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། འདི་ལོའི་ཟླ་༣ ཚེས་༢༢ ཉིན་ནས་ཟླ་༩ པའི་ཚེས་༢༢་དབར་དུ་རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་བཙོན་ཁང་དུ་བཀག་ཉར་བྱས་འདུག དེ་ནས་ཕྱི་ལོ་༢༠༢༤ ཟླ་༨ པའི་ནང་དུ་རེབ་གོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ཆད་ཉེས་འགེལ་བྱས་པ་དང་། རེབ་གོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་བྱམས་པ་ཆོས་འཕེལ་ལགས་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཅེས་འགྲེལ་བརྗོད་གནང་སོང་།
ཕྱི་ལོ་༢༠༢༤ ཟླ་༩ ཚེས་༢༢ ཉིན་ནས་བཟུང་བྱམས་པ་ཆོས་འཕེལ་ལགས་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་རྒྱ་གཞུང་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་གནས་སྤར་ཏེ་ལོ་གཅིག་སྡོད་དགོས་འདུག བྱམས་པ་ཆོས་འཕེལ་ཁྲིམས་ཐག་གཅོད་སྐབས་ཁོང་གི་ནང་མི་ཉེ་འབྲེལ་ལ་བརྡ་ལན་ཅི་ཡང་སྤྲད་མེད་པ་དང་། ཁོང་གི་ཤ་ཉེ་སྤུན་མཆེད་རྣམས་ཀྱང་མ་ཉེས་ཁ་གཡོག་གི་ཉེས་ཆད་འབེབ་སྲིད་པའི་འཇིགས་སྣང་འོག་ཡོད་ཅིང་། འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་ཁོང་གི་གནས་སྟངས་གང་ཡིན་འདྲི་རྒྱུ་དེའང་ཉེན་ཁ་ཚབས་ཆེན་ཡིན་འདུག ཅེས་གནས་ཚུལ་མཁོ་སྤྲོད་མཁན་གྱིས་འགྲེལ་བརྗོད་གནང་སོང་།
དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཕྱི་ལོ་༡༩༨༦ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཡོད་པ་དང་། རྡ་རམ་ས་ལའི་མཚན་ཉིད་གྲ་ཚང་དུ་ལོ་བཅུ་ལ་སློབ་གཉེར་བྱས་ཤིང་ཕར་ཕྱིན་གྲུབ་ཡོད་འདུག ཕྱི་ལོ་༡༩༩༦ ལོར་བོད་ལ་ཕྱིར་ལོག་འདུག དུས་རྒྱུན་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་བཞུགས་ཀྱི་ཡོད་འདུག ཁོང་གིས་བསྙེན་སྒྲུབ་དང་ཉམས་ལེན་ལ་འབད་བཞིན་ཡོད་པ་དང་། སྐབས་རེར་གནས་ཆེན་ཁག་ཏུ་ཉམས་ལེན་གནང་གིན་ཡོད་འདུག ཁོང་ནི་བོད་ཀྱི་ཡིག་གཟུགས་ལེགས་བྲིས་ལ་མཁས་པ་དང་། དབྱིན་ཡིག་མཁྱེན་གྱི་ཡོད་པར་བརྟེན། དོན་གཉེར་ཅན་རྣམས་ལ་ཡིག་གཟུགས་དང་དབྱིན་ཡིག་སློབ་བཞིན་ཡོད་འདུག
དགེ་འདུན་བྱམས་པ་ཆོས་འཕེལ་ལགས་རྒྱ་གར་དུ་སློབ་གཉེར་གནང་ནས་ཕྱི་བོད་ནང་ལོག་མཁན་ཡིན་སྟབས། རྒྱ་གཞུང་གི་ཉེན་རྟོག་པས་རྟག་ཏུ་ལྟ་རྟོག་དང་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་འདུག དམིགས་བསལ་བོད་ཀྱི་དུས་ཆེན་གང་ཞིག་སླེབས་པའི་ཚེ། ཁོང་གི་བཞུགས་ཤག་གི་ཀླད་དང་གྱང་ཁ་སོགས་ནས་རྒྱ་གཞུང་གི་ཉེན་རྟོག་པས་གསང་ཉུལ་དང་སོ་ལྟ་བྱས་ཡོད་འདུག