03
Wed, Dec
5 རྩོམ་གསར།

༸གོང་ས་མཆོག་གིས་དགའ་ལྡན་ལྷ་བརྒྱ་མ་དང་སེམས་བསྐྱེད། བྱང་སྡོམ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་སོང་།

ཕྱི་ལོ་༢༠༢༥ ཟླ་ ༡༠ ཚེས་ ༤ ཉིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དགའ་ལྡན་ལྷ་བརྒྱ་མ་དང་སེམས་བསྐྱེད། བྱང་སྡོམ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་ ༡༠ ཚེས་ ༤ ཉིན། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགའ་ལྡན་ལྷ་བརྒྱ་མ་དང་སེམས་བསྐྱེད། བྱང་སྡོམ་བཅས་ཀྱི་ཆོས་འབྲེལ་བསྐྱངས་གནང་མཛད་སོང་། སྐབས་དེར། ཐེ་ཝན་དང་མ་ལེ་ཞིས་ཡ། སིངྒ་པོར། ཨ་རི། ཁ་ན་ཊ། ཡུ་རོབ་རྒྱལ་ཁབ་ཁག་དང་བོད་མི་བཅས་ཁྱོན་མི་གྲངས་༥༨༠༠ ཙམ་བཀའ་ཆོས་ཞུ་ཆེད་ཕེབས་གནང་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་རྒྱ་སྒོ་རུ་ཕེབས་སྐབས། རྣམ་གྲྭའི་སྤྱན་རྒྱ་དང་། ཆོས་ཚོགས་ ༢༩ ཡིས་གྲུབ་པའི་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་བདུན་གྱིས་སྤོས་སྣེ་དང་བཅས་ཕེབས་བསུ་ཞུས་སོང་། ༸རྒྱལ་བ་རིན་པོ་ཆེ་གསུང་ཆོས་ར་བའི་ནང་ཕེབས་སྐབས་དད་ལྡད་མི་མང་གིས་དགའ་དད་སྤྲོ་གསུམ་གྱིས་མཇལ་ཁ་ཞུས་སོང་། དེ་ནས་༸གོང་ས་མཆོག་བཞུགས་ཁྲིར་འཁོད་མཚམས་སུ། ཐེ་ཝན་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དུས་མཚུངས་སུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་སེར་སྐྱ་འཐུས་ཚབ་བདུན་ནས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་སོང་།

དེ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། ང་ཚོ་འདིར་འཛོམས་ནས་བདེ་བ་ཇི་ལྟར་སྒྲུབ་ཐུབ་མིན་ཆེད་དུ་སླེབས་པ་རེད། སངས་རྒྱས་པའི་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ནི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་འདུག གཉིས་ནས་སྔགས་དང་འབྲེལ་ནས་ཡོང་སྐབས་སེམས་ཕྲ་རགས་ཀྱི་དབྱེ་བ་བཤད་ནས་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་པོ་དང་། གཏིང་རིང་པོ་ཧ་ཅང་ཡག་པོ་རེད། དེ་རིང་འདིར་རྒྱ་རིགས། བོད་པ། ལ་དྭགས་པ་སོགས་ཡུལ་ཁམས་འདྲ་མིན་གྱི་མི་མང་པོས་༸རྒྱལ་བ་རིན་པོ་ཆེ་ཞེས་དགའ་མོས་ཐོག་སེམས་ཤུགས་གཅིག་གྱུར་ཆགས་ཡོད། ངོས་ལ་ཆ་བཞག་ན་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་བོད་གངས་ཅན་གྱི་ཁྱབ་ཁོངས་ཀྱི་དད་པ་ཅན་རྣམས་ཐད་ཀར་ཕན་ཐོགས་བྱེད་པའི་ཡུལ་ཆགས་ཡོད། ཅེས་དང་།

༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མུ་མཐུད་ནས་གསུང་དོན། ངོས་རང་བོད་ནས་སྡོད་མ་ཐུབ་པར་རྒྱ་གར་དུ་སླེབས་པ་རེད། རྒྱ་གར་དུ་སླེབས་ཏེ་ངོས་ནས་ནང་པའི་ཆོས་འདི་འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་སླེབས་པའི་ཞབས་འདེགས་སྒྲུབ་པ་ཡིན། གང་ལྟར་ངོས་ནས་གང་ཡོང་ཅི་ཡོང་གིས་བསྟན་པའི་ཞབས་འདེགས་སྒྲུབ་པ་ཡིན། དེ་རིང་འདིར་ཕྱོགས་གཅིག་ནས་བསྟན་པའི་མཐའ་ཟད་པ་ཞིག་ཆགས་ཀྱི་ཡོད་ཀྱང་། མི་རིགས་དང་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། ངོས་རང་འདིར་༸རྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ཏེ་ཆོས་གོས་སྣམ་སྦྱར་གྱོན་མཁན་གྱི་དགེ་སློང་འདུལ་བ་འཛིན་པ་ཞིག་གིས་ཆོས་བཤད་པ་ལ་ཚང་མས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།

༸གོང་ས་མཆོག་གིས་གསུང་དོན། རྒྱ་ནག་གུང་ཁྲན་གྱིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་། རྒྱ་རིགས་ཀྱི་ནང་དུ་ནང་ཆོས་ལ་དགའ་མོས་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་འདུག དེར་བརྟེན། ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་རིགས་པས་དཔྱད་རྒྱུ་ཡོད་པ་དང་། བློ་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ཏེ་བློ་སྦྱོང་གི་སྒོམ་རྒྱག་རྒྱུ་ཡོད་པ་འདི་ལ་དེང་རྒྱ་རིགས་ཚོའི་ནང་དུ་དོ་སྣང་བྱེད་མཁན་མང་པོ་ཡོང་བཞིན་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ངོས་རང་ལོ་མཐོ་བོར་སླེབས་ཡོད་ཀྱང་། གཟུགས་པོ་དང་བསམ་བློའི་ཆ་ནས་མུ་མཐུད་དུ་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་ཉམས་པ་མེད་པར་ཡོད། ཅེས་སོགས་བཀའ་སློབ་བསྩལ་གནང་སོང་།

དེ་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། སྟོན་པའི་མཚན་སྔགས། སྒྲོལ་མའི་གཟུངས་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། རྟ་མགྲིན་གྱི་གཟུངས་སྔགས། སྨན་བླའི་གཟུངས་སྔགས། གུ་རུའི་མཚན་སྔགས་བཅས་ཀྱིས་བཟླས་ལུང་བཀའ་དྲིན་སྩལ་བ་དང་། མཐར་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་གསུང་འདོན་དང་འབྲེལ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་པ་རེའི་སྐུ་ཚབ་༢༩ ནས་གཏང་རག་མཎྜལ་འདེགས་འབུལ་ཞུས་ཏེ་ཆོས་འབྲེལ་གནང་སྒོ་ལེགས་པ་གྲུབ་སོང་།