03
Wed, Dec

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།

འགྲོ་བ་མི་ལ་ཐོབ་ཐང་དང་རང་དབང་འདྲ་མཉམ་ཡོད་ན་མི་དེ་རྣམས་ལ་རེ་བ་ཞིག་ཡོད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

མང་གཙོ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ཟླ་༡༢ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༥འཁོར་བ་དང༌། འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་འབོད་ཚིག་ནི། འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་དབང་སྤྱི་སྙོམ་དྲང་བདེན་ཞེས་པ་དེ་ཆགས་ཡོད།

སྤྱིར་ཕྱི་ལོ་༡༩༤༨ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཞེས་ཡོངས་གྲགས་གཏན་འབེབས་དང་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འཛམ་གླིང་ནང་གི་གཞུང་སྒེར་མང་ཚོགས་ནས་དོ་ཁུར་དང་དོ་སྣང་ཡོང་ཐབས་སུ་ལོ་ལྟར་ཕྱི་ཟླ་༡༢ཚེས་༡༠ཉིན་མོར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཆགས་ཡོད་པ་རེད།  གསལ་བསྒྲགས་དེ་བོད་ཡིག་ཐོག་ཡོད་པ་དེར་གཟིགས་ཞིབ་འཚལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།

ངོ་སྤྲོད།

ཕྱི་ལོ་༡༩༤༨ལོའི་ཟླ་༡༢་ཚེས་༡༠ཉིན། མཉམ་འབྲེལ་རྒྱལ་ཚོགས་འཚོགས་ཆེན་གྱིས་གྲོས་མཐུན་གཏན་འབེབས་དང་གསལ་བསྒྲགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དོན་ཆ་ཚང་དེ་གཤམ་དུ་ཞིབ་རྒྱས་ངང་བཀོད་ཡོད།ཚོགས་ཆེན་གྱི་ལོ་རྒྱུས་དང་ལྡན་པའི་བྱ་ཐབས་འདིའི་རྗེས་སུ་ཚོགས་འཐུས་རྒྱལ་ཁབ་ཚང་མར་གསལ་བསྒྲགས་འདིའི་བརྗོད་དོན་རྣམས་ཁྱབ་སྤེལ་དང༌། ཡུལ་ལུང་གམ། མངའ་ཁུལ་ཁག་གི་སྲིད་དོན་གནས་བབས་གཞི་རྩར་བཟུང་བའི་དབྱེ་འབྱེད་མེད་པར་གཙོ་བོ་སློབ་གྲྭ་ཁག་དང༌། དེ་མིན་ཤེས་ཡོན་སློབ་གཉེར་ཁང་སོགས་ལ་ཡིག་ཆ་འདི་ཉིད་ཁྱབ་བསྒྲགས་དང༌། འགྲེམས་སྟོན། སྒྲོག་སྦྱང། ནང་དོན་འགྲེལ་བརྗོད་ཐུབ་ཐབས་བཅས་ལ་ནུས་ཤུགས་འདོན་དགོས་པའི་འབོད་སྐུལ་བྱེད་པ་ཡིན།

༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ཀོ་ཕ་ཨ་ནན།༽

སྔོན་བརྗོད།

༈འགྲོ་བ་མིའི་ཁྱིམ་ཚང་ཁག་གི་ནང་མི་ཡོངས་ལ་རང་བཞིན་ཉིད་ནས་ཡོད་པའི་ཆེ་མཐོངས་དང་འདྲ་མཉམ། སུས་ཀྱང་འཕྲོག་ཏུ་མི་རུང་བའི་ཐོབ་ཐང་བཅས་ཀྱི་གནད་དོན་རྟོགས་པར་བྱེད་པ་ནི། འཛམ་གླིང་ནང་གི་རང་དབང་དང༌། དྲང་བདེན། ཞི་བདེ་བཅས་ཀྱི་རྣང་གཞི་ལྟེ་བ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་ཁྱད་གསོད་དང༌། དམའ་འབེབས་བྱས་པ་ལ་བརྟེན་ནས་ཀླ་ཀློའི་བྱེད་སྟངས་ཤིག་བྱུང་ཡོད་པ་སྟེ། དེ་ནི་མིའི་རིགས་ཀྱི་བསམ་ཚུལ་བཟང་པོ་དང་མི་མཐུན་པའི་གནས་ཚུལ་ཞིག་བྱུང་བ་རེད། འགྲོ་བ་མིའི་རིགས་ལ་གཏམ་བརྗོད་དང༌། དད་མོས་ཀྱི་རང་དབང་སྲུང་སྐྱོབ། དགོས་མཁོ་སྒྲུབ་པའི་རང་དབང་བཅས་ལ་ལོངས་སུ་སྤྱད་ཆོག་པའི་འཛམ་གླིང་ཞིག་འབྱུང་ཐབས་དེ་ནི་སྤྱིར་བཏང་མི་མང་ཡོངས་ཀྱི་རེ་འདོད་ཆེ་ཤོས་ཤིག་ཏུ་ངེས་པ་རྒྱ་ཁྱབ་ཡོངས་སུ་གྲགས་པ་ཡིན། སྐྱེ་བོ་དག་གིས་འུ་ཐུག་ཐབས་ཟད་ཀྱིས་རྐྱེན་པས་བཙན་དབང་དང༌། གཉའ་གནོན་ལ་ངོ་རྒོལ་སྒེར་ལངས་བྱེད་པའི་མཐའ་མའི་བྱ་ཐབས་ལག་བསྟར་མི་དགོས་པ་ཞིག་བྱེད་ན། དེ་ནི་ཁྲིམས་ལུགས་དྲང་འཛིན་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་པ་དེ་རང་གལ་གནད་ཆེ་བ་ཡིན། རྒྱལ་ཁབ་ཁག་གི་དབར་མཛའ་མཐུན་གྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཆེ་བསྐྱེད་དགོས་པ་དེ་ནི་ཧ་ཅང་གལ་གནད་ཆེ་བ་ཞིག་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་མང་རྣམས་ཀྱི་རང་དབང་རྒྱ་ཆེའི་ཐོག་ནས་སྒྲིག་ཡིག་གི་གཞི་རྩའི་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང༌། འགྲོ་བ་མིའི་ཆེ་མཐོངས་དང་འོས་མཐོངས། ཕོ་མོ་འདྲ་མཉམ་བཅས་ལ་བློ་མོས་གདེངས་འཁེལ་གྱིས་སྤྱི་ཚོགས་ཡར་རྒྱས་གོང་སྤེལ་ལ་ནུས་ཤུགས་འདོན་པ་དང༌། འཚོ་བའི་གནས་ཚད་ལེགས་སུ་གཏོང་རྒྱུར་སེམས་ཐག གཙང་མར་བཅད་ཡོད། འཐུས་མིའི་རྒྱལ་ཁབ་ཚོས་མཉམ་སྦྲེལ་རྒྱལ་ཚོགས་དང་མཉམ་མཐུན་གྱི་ཐོག་ནས་འགྲོ་བམིའི་ཐོབ་ཐང་དང༌། གཞི་རྩའི་རང་དབང་ལ་སྤྱི་ཡོངས་ནས་མོས་བཀུར་དང་བརྩི་འཇོག་ཤུགསཆེ་བྱེད་པའི་ལས་དོན་དེ་དག་ཁོང་ཚོ་རང་ཉིད་ནས་ལག་ལེན་ལེགས་པར་བསྟར་རྒྱུའི་ཁས་ལེན་བྱས་ཡོད།གོང་གསལ་ཐོབ་ཐང་དང༌། རང་དབང་འདི་རྣམས་ཚང་མས་ཤེས་པར་བྱེད་པ་དེ་ནི། ཁས་ལེན་བྱས་པའི་དོན་སྙིང་ལག་ལེན་མཐིལ་ཕྱིན་བསྟར་བའི་ཐབས་ཚུལ་གལ་གནད་ཆེ་ཤོས་ཤིག་ཡིན། གནས་ལུགས་འདི་ལྟར་ལ་སོང་ད་ཆ་ཚོགས་ཆེན་ནས་ཁྱབ་བསྒྲགས་བྱ་རྒྱུར། མི་མང་ཐམས་ཅད་དང༌། རྒྱལ་ཁབ་ཐམས་ཅད་ཀྱི་དོན་དུ་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་འདི་དག་ཀུན་གྱི་མིག་དཔེ་ལྟ་བུར་ཡོངས་སུ་འགྲུབ་པར་བྱེད་པའི་མཐའ་དོན་སྙིང་པོ་ནི་སྐྱེ་བོ་རེ་རེ་དང༌། སྤྱི་ཚོགས་ཀྱི་སྡེ་ཚན་རེ་རེ་ནས་གསལ་བསྒྲགས་འདི་དོན་ཡིད་ལ་བརྟན་པོར་རྒྱུན་དུ་བཟུང་སྟེ་མྱོང་འཁྲིད་དང༌། སློབ་སྟོན་ལ་བརྟེན་ནས་ཐོབ་ཐང་དང༌། རང་དབང་འདི་དག་ལ་བརྩི་བཀུར་རྒྱ་ཆེར་བྱེད་པ་དང་འབྲེལ་རྒྱལ་ཁབ་ཁག་དང༌། རྒྱལ་སྤྱིའི་ཐོག་དུ་དེའི་གནས་ཚད་གོང་མཐོར་གཏོང་བ་དང༌། དེ་དག་ཡོངས་སུ་ཁྱབ་པ་དང༌། ཤེས་རྟོགས་དང་བརྩི་བཀུར་དངོས་སུ་འབྱུང་ཐབས་སུ་འཐུས་མིའི་རྒྱལ་ཁབ་ཁག་གི་མི་མང་ཚོ་དང༌། ཁོང་ཚོའི་ཁྲིམས་དབང་འོག་ཏུ་ཡོད་པའི་མངའ་ཁུལ་གྱི་མི་མང་བཅས་ཚང་མས་འདི་དོན་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན།

དོན་ཚན་དང་བོ།

འགྲོ་བ་མིའི་རིགས་ཐམས་ཅད་སྐྱེས་ཙམ་ཉིད་ནས་རང་དབང་ལྡན་ལ། ཆེ་མཐོང་དང་ཐོབ་ཐང་ཡང་འདྲ་མཉམ་ཡིན། དེ་དག་ནི་རྒྱུ་མཚན་རྟོགས་པའི་བློ་རྩལ་དང་རྣམ་དཔྱོད་ལྡན་པ་ཡིན་པས། ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་གྱི་འདུ་ཤེས་བཟུང་བའི་བྱ་བ་སྤེལ་དགོས་པ་ཡིན།

དོན་ཚན་གཉིས་པ།

སྐྱེ་བོ་རེ་རེར་མི་རིགས་དང༌། ཤ་མདོག། ཕོ་མོ། སྐད་ཡིག་ཆོས་ལུགས། སྲིད་དོན་ནམ། བསམ་ཚུལ་གཞན་དག་རྒྱལ་ཁབ་བམ། སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་དབང༌། སྐྱེས་ཁུངས་སམ་གནས་བབས་གཞན་ལྟ་བུ་རྣམ་པ་འདྲ་མིན་གང་ལའང་དབྱེ་འབྱེད་མེད་པར་གསལ་བསྒྲགས་འདིའི་ནང་བཀོད་པའི་ཐོབ་ཐང་དང༌། རང་དབང་ཡོངས་རྫོགས་ལ་སྤྱོད་པའི་ཁེ་དབང་ཡོད། དེ་མ་ཟད། སྐྱེ་བོ་གང་ཞིག་གི་ཡུལ་ལུང་ངམ་ས་ཁུལ་དེ། རང་བཙན་ཡིན་པའམ།མངགས་བཅོལ་འོག་ཏུ་གནས་པའམ། རང་སྲིད་རང་སྐྱོང་མ་ཡིན་པའམ། ཡང་ན་རང་དབང་གཙང་མའི་བདག་དབང་ལ་ཚད་དགག་གཞན་དག་ཅི་རིགས་ཡོད་པའི་གནས་བབས་གང་འདྲ་ཞིག་གི་ཁོངས་གཏོགས་ཡིན་ཡང༌། དེ་ལ་སྲིད་དོན་དང་ཁྲིམས་ལུགས་ཀྱི་དབང་ཚད། རྒྱལ་སྤྱིའི་གནས་བབས་བཅས་གཞི་རྩར་བཟུང་བའི་དབྱེ་འབྱེད་བྱེད་མི་རུང་བ་ཡིན།

དོན་ཚན་གསུམ་པ།

སྐྱེ་བོ་རེ་རེར་ཚེ་སྲོག་དང༌། རང་དབང་ལ་སྤྱོད་པ། རང་ཉིད་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་ཡོད།

དོན་ཚན་བཞི་བ།

སྐྱེ་བོ་སུ་ཞིག་ཀྱང་ཚེ་གཡོག་གམ་བྲན་གཡོག་ཏུ་བཀོལ་སྤྱོད་བྱས་མི་ཆོག་པ་སྟེ། ཚེ་གཡོག་གི་ལམ་ལུགས་དང༌། ཚེ་གཡོག་ཉོ་ཚོང་གི་རྣམ་པ་མཐའ་དག་བཀག་འདོམས་བྱེད་དགོས་པ་ཡིན།

དོན་ཚན་ལྔ་བ།

སྐྱེ་བོ་སུ་ཞིག་ལའང་མནར་གཅོད་གཏོང་བའམ་ཡང་ན་སྡུག་རྩུབ་ཆེ་བའི་མི་སྤྱོད་ལས་འདས་པའི་མཐོང་ཆུང་དམའ་འབེབ་བྱེད་བའམ།ཁྲིམས་ཉེས་འགེབ་བའི་རིགས་མི་ཆོག

དོན་ཚན་དྲུག་པ།

སྐྱེ་བོ་རེ་རེར་ཁྲིམས་ཀྱི་མདུན་སར་འགྲོ་བ་མི་ཞིག་ཡིན་པར་ངོས་འཛིན་དགོས་པའི་ཐོབ་ཐང་ཡོད།

དོན་ཚན་བདུན་པ།

སྐྱེ་བོ་སུ་ཡིན་རུང་ཁྲིམས་གྱི་མདུན་དུ་འདྲ་མཉམ་ཡིན། ཁྲིམས་ཐོག་ནས་དབྱེ་འབྱེད་གང་ཡང་མེད་པར་སྲུང་སྐྱོབ་འདྲ་མཉམ་དགོས་པའི་ཁེ་དབང་ཡོད། ཚང་མར་གསལ་བསྒྲགས་འདི་དང་འགལ་བའི་དབྱེ་འབྱེད་ཅི་རིགས་དང༌། དེ་ལྟར་དབྱེ་འབྱེད་བྱེད་པའི་ངན་སྐུལ་རིགས་ཀྱི་བྱ་སྤྱོད་བཅས་པར་སྲུང་སྐྱོབ་འདྲ་མཉམ་དགོས་པའི་ཁེ་དབང་ཡོད།

དོན་ཚན་བརྒྱད་པ།

སྐྱེ་བོ་རེ་རེར་རྩ་ཁྲིམས་ཐོག་ནས་སྤྲད་པའི་རང་ཉིད་ཀྱུ་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་བྱུང་རིགས་ལ་རྒྱལ་ཁབ་ཁྲིམས་ཁང་ཚད་ལྡན་ཞིག་ནས་ཕན་ནུས་ལྡན་པའི་རོགས་སྐྱོར་དང༌། ཀུན་གསབ་བྱ་དགོས་པའི་ཐོབ་ཐང་ཡོད།

དོན་ཚན་དགུ་བ།

སྐྱེ་བོ་སུ་ཡང་གང་བྱུང་གིས་འཛིན་བཟུང་དང༌། བཀག་ཉར་བྱེད་བའམ་རྒྱང་ཕུད་གཏོང་བ་བཅས་ཀྱི་རིགས་མི་ཆོག

དོན་ཚན་བཅུ་བ།

སྐྱེ་བོ་རེ་རེར་རང་གི་ཐོབ་ཐང་འོས་འགན་སྐོར་དང༌། རང་ལ་ཁྲིམས་འགལ་ཉེས་འཛུགས་བྱུང་རིགས་ཐག་གཅོད་ཆེད་ཕྱོགས་ལྷུང་བྲལ་བའི་རང་དབང་ཅན་གྱི་ཁྲིམས་ཁང་ཞིག་ནས་དྲང་བདེན་དང༌། མང་ཚོགས་ཀྱིས་ཉན་ཆོག་པའི་ཞུ་གཏུགས་ཐག་གཅོད་ཀྱི་ཆ་ཚང་བའི་ཁེ་དབང་འདྲ་མཉམ་ཡོད།

དོན་ཚན་བཅུ་གཅིག་པ།

༡ཁྲིམས་འགལ་ཉེས་འཛུགས་བྱས་པའི་སྐྱེ་བོ་མཐའ་དག་ལ་རང་གི་བདེན་པ་དག་སྐྱེལ་ཆེད། དགོས་ངེས་ཀྱི་འགན་ལེན་མཐའ་དག་ཡོད་པའི་ཡོངས་གྲགས་ཁྲིམས་ཞིབ་ཀྱི་ཐོག་ནས། ཁྲིམས་ཐོག་ནས་ནག་ཉེས་ཡོད་པ་ར་འཕྲོད་མ་བྱུང་བར་དོ་བདག་ལ་ཉེས་མེད་དུ་ཆ་འཛིན་དགོས་པའི་ཐོབ་ཐངགཡོད། ༢སྐྱེ་བོ་སུ་ཡིན་རུང་བྱ་སྤྱོད་སྤེལ་བའམ་ནོར་འཛོལ་གང་ཞིག་བྱེད་པའི་སྐབས་དེར་རྒྱལ་ཁབ་བམ་ཡང་ན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དོན་ལྟར་ནག་ཉེས་སུ་མི་འགྲོ་བའི་བྱས་ཉེས་གཞི་རྩར་བཟུང་སྟེ་སྐྱེ་བོ་སུ་ཡང་ནག་ཆེན་དུ་ངོས་འཛིན་བྱེད་མི་ཆོག་པ་མ་ཟད། བྱས་ཉེས་གང་ཞིག་ལ་སྐབས་དེ་རང་དུ་ལག་བསྟར་ཉེས་འགེལ་འོས་པ་ལས་ལྕི་བའི་ཉེས་ཆད་ཀྱང་འགེལ་མི་ཆོག

དོན་ཚན་བཅུ་གཉིས་བ།

སྐྱེ་བོ་སུ་ཡིན་རུང་རང་གི་སྒེར་དོན་ནམ། ཁྱིམ་ཚང༌། སྡོད་ཁང༌། བརྡ་ལན་ཡིག་འགྲུལ་བཅས་པར་གང་བྱུང་གི་ཐེ་བྱུས་བྱས་མི་ཆོག་པ་མ་ཟད། རང་གི་ཆེ་མཐོང་དང༌། མིང་གྲགས་ལའང་སུས་ཀྱང་བཙན་ཤེད་ཀྱིས་གནོད་སྐྱོན་གཏོང་མི་ཆོག དེ་འདྲའི་ཐེ་བྱུས་སམ་གནོད་སྐྱོན་བྱུང་རིགས་འགོག་ཐབས་བྱེད་པར་སྐྱེ་བོ་རེ་རེར་ཁྲིམས་ཐོག་ནས་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད།

དོན་ཚན་བཅུ་གསུམ་པ།

༡སྐྱེ་བོ་རེ་རེར་སོ་སོའི་རྒྱལ་ཁོངས་ནང་རང་དབང་ཐོག་ནས་འགྲོ་འོང་དང༌། གནས་སྡོད་བྱེད་པའི་ཐོབ་ཐང་ཡོད། ༢སྐྱེ་བོ་རེ་རེར་རང་ཡུལ་ཐེ་བས་ཡུལ་ལུང་གང་འདྲ་ཞིག་ནས་ཀྱང་ཕྱིར་ཐོན་བྱེད་པ་དང༌། རང་ཡུལ་དུ་ཕྱིར་ལོག་བྱེད་པའི་ཐོབ་ཐང་ཡོད།

དོན་ཚན་བཅུ་བཞི་བ།

༡སྐྱེ་བོ་རེ་རེར་རང་ཉིད་སྡུག་སྦྱོང་གནོད་འཚེ་ལས་གཡོལ་ཆེ་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་བའི་ཐོབ་ཐང་ཡོད། ༢འོན་ཀྱང་ཐོབ་ཐང་དེ་ཉིད་ཆབ་སྲིད་ཀྱི་གནད་དོན་མ་ཡིན་པའི་དངོས་འབྲེལ་ནག་ཉེས་སམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་དམིགས་ཡུལ་ལས་འགལ་བའི་བྱ་སྤྱོད་ལས་བྱུང་བའི་གྱོད་དོན་རིགས་ལ་ཐོབ་ཐང་འདི་ལ་བརྟེན་ནས་སྐྱོབ་ཐབས་ཆེད་ཞུ་འབོད་བྱས་མི་ཆོག

དོན་ཚན་བཅོ་ལྔ་བ།

༡སྐྱེ་བོ་རེ་རེར་རྒྱལ་ཁབ་ཀྱི་ཆབ་འབངས་ཤིག་བྱེད་པའི་ཐོབ་ཐང་ཡོད། ༢སྐྱེ་བོ་གང་ཞིག་གི་རྒྱལ་ཁབ་ཀྱི་ཆབ་འབངས་གནས་བབས་གང་བྱུང་བཙན་འཕྲོག་བྱེད་མི་ཆོག་པ་མ་ཟད། དེའི་ཆབ་འབངས་ཀྱི་གནས་བབས་བརྗེ་བསྒྱུར་བྱེད་པའི་ཐོབ་ཐང་ལ་ཁས་ལེན་མི་བྱེད་པའི་རིགས་ཀྱང་མི་ཆོག

དོན་ཚན་བཅུ་དྲུག་པ།

༡སྐྱེ་བོ་ཕོ་མོ་ན་ཚོད་ལོན་པ་རྣམས་ལ་མི་རིགས་སམ། རྒྱལ་ཁོངས། ཆོས་ལུགས་བཅས་ཀྱི་འགོག་རྐྱེན་གང་ཡང་མེད་པར་གཉེན་བསྒྲིགས་བྱེད་པ་དང༌། ཁྱིམ་གསར་འཛུགས་པའི་ཐོབ་ཐང་ཡོད། ཁོང་ཚོར་གཉེན་སྒྲིག་བྱེད་བ་དང༌། བཟའ་ཚང་བྱེད་རིང༌། ཁ་བྲལ་དུ་འགྲོ་བའི་སྐབས་བཅས་པར་ཐོབ་ཐང་འདྲ་མཉམ་དུ་སྤྱོད་པའི་ཁེ་དབང་ཡོད། ༢བཟའ་མི་གཉིས་ཀའི་འདོད་མོས་གཙང་མ་དང༌། རང་དབང་ཁོ་ནའི་སྒོནས་ཁྱིམ་ཐབ་བྱ་བར་ཞུགས་དགོས་པ་ཡིན། ༣ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་རང་བཞིན་དང༌། གཞི་རྩའི་སྒྲུབ་བྱའི་ཚན་པ་ཡིན་ཞིང༌། འདི་ལ་སྤྱི་ཚོགས་དང༌། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་དགོས་པའི་ཁེ་དབང་ཡོད།

དོན་ཚན་བཅུ་བདུན་པ།

༡སྐྱེ་བོ་རེ་རེར་རང་གི་རྒྱུ་ནོར་རང་ཉིད་ཁེར་རྐྱང་གིས་བདག་འཛིན་བྱེད་པའམ། ཡང་ན་གཞན་དང་མཉམ་རུབ་ཐོག་བདག་འཛིན་བྱེད་པའི་ཐོབ་ཐང་ཡོད། ༢སྐྱེ་བོ་རང་ཉིད་ཀྱི་རྒྱུ་ནོར་སུས་ཀྱང་གང་བྱུང་གིས་བཙན་འཕྲོག་བྱེད་མི་ཆོག

དོན་ཚན་བཅོ་བརྒྱད་པ།

སྐྱེ་བོ་རེ་རེར་བསམ་བློ་དང༌། རྟོག་དཔྱོད། ཆོས་དད་བཅས་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་འདིའི་ཁོངས་སུ་རང་ཉིད་ཀྱི་ཆོས་ལུགས་སམ་ཡིད་ཆེས་བརྗེ་སྒྱུར་གྱི་རང་དབང་དང༌། རང་ཉིད་ཁེར་རྐྱང་ངམ། གཞན་དང་མཉམ་སྡེབས་ཀྱིས་ཡོངས་གྲགས་སམ་ཡོངས་གྲགས་མ་ཡིན་པའི་སྒོ་ནས་རང་ཉིད་ཀྱི་ཆོས་དང༌། ཡིད་ཆེས་མངོན་པར་བྱེད་པའི་སློབ་ཁྲིད་དང༌། ཉམས་ལེན།གསོལ་མཆོད་བསླབ་སྡོམ་སྲུང་རྒྱུ་བཅས་ཀྱི་རང་དབང་གི་ཐོབ་ཐང་ཡང་འདུས་ཡོད།

དོན་ཚན་བཅུ་དགུ་བ།

སྐྱེ་བོ་རེ་རེར་རང་དབང་ཐོག་ནས་བསམ་ཚུལ་འཆང་བ་དང་འདོད་པའི་ཐོབ་ཐང་ཡོད་ཅིང༌། ཐོབ་ཐང་འདིའི་ཁོངས་སུ་ཐེ་བྱུས་བྲལ་བའི་བསམ་ཚུལ་འཆང་བ་དང༌། བར་མཚམས་ལ་ལྟོས་མི་དགོས་པར་བརྒྱུད་ལམ་ཅི་རིགས་བརྒྱུད་དེ་རང་དབང་ཐོག་ནས་བསམ་ཚུལ་དང༌། གནས་ཚུལ་འཚོལ་བསྡུས་བྱེད་པ་དང༌། ལེན་པ། མཁོ་སྤྲོད་བྱེད་པ་བཅས་ཀྱི་རང་དབང་ཡང་ཚུད་ཡོད།

དོན་ཚན་ཉི་ཤུ་བ།

༡སྐྱེ་བོ་རེ་རེར་ཞི་འཇམ་གྱི་སྒོ་ནས་འདུ་འཛོམས་བྱེད་པ་དང༌། ཚོགས་པ་འཛུགས་པའི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ༢་སྐྱེ་བོ་སུ་ཡིན་ཡང་ཚོགས་པ་ཞིག་གི་ཁོངས་སུ་བཙན་ཤེད་ཀྱིས་འཇུག་ཐབས་བྱེད་མི་ཆོག

དོན་ཚན་ཉེར་གཅིག་པ།

༡སྐྱེ་བོ་རེ་རེར་ཐད་ཀར་རམ་ཡང་ན་རང་དབང་སྒོ་ནས་འདེམས་བསྐོས་འཐུས་མི་བརྒྱུད་དེརང་ཡུལ་གྱི་གཞུང་གིལས་དོན་ནང་ཆ་ཤས་ལེན་པའི་ཐོབ་ཐང་ཡོད། ༢སྐྱེ་བོ་རེ་རེར་རང་གི་ཡུལ་ལུང་ནང་སྤྱི་བའི་ཞབས་ཞུར་འདྲ་མཉམ་གྱིས་ཞུགས་རྒྱུའི་ཐོབ་ཐང་ཡོད། ༣མི་མང་གི་འདུན་པ་དེ་གཞུང་གི་དབང་ཆའི་གཞི་རྩར་འཛིན་དགོས་པ་སྟེ། དུས་མཚམས་རྒྱས་བཅད་དང་དངོས་འབྲེལ་གྱི་འོས་བསྡུའི་ལམ་ནས་འདུན་པ་དེ་ཉིད་མངོན་གྱུར་དགོས་པ་དང༌། དེ་ཡང་ཡོངས་ཁྱབ་དང་འདྲ་མཉམ་གྱི་འོས་བསྡུ་བྱེད་པ་དང༌། གསང་བའི་འོས་ཤོག་འཕེན་པའམ། ཡང་ན་དེ་དང་མཚུངས་བའི་རང་དབང་གི་སྒོ་ནས་འོས་ཤོག་འཕེན་པའི་འགྲོ་ལུགས་ལ་བརྟེན་ནས་འོས་བསྡུ་བྱེད་དགོས།

དོན་ཚན་ཉེར་གཉིས་པ།

སྐྱེ་བོ་རེ་རེར་རང་ཉིད་སྤྱི་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་བདེ་སྲུང་གི་ཐོབ་ཐང་ཡོད། རང་ཉིད་ཀྱི་ཆེ་མཐོང་དང༌། རང་དབང་གི་གཤིས་སྤྱོད་ཡར་རྒྱས་ཆེད་མེད་དུ་མི་རུང་བའི་དཔལ་འབྱོར་དང༌། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་རྒྱལ་ཁབ་རང་རང་གི་བཀོད་སྒྲིག་དང་མཐུན་རྐྱེན་ལ་གཞི་བཅོལ་ཏེ་རྒྱལ་ཁབ་ཀྱི་འབད་རྩོལ་དང༌། རྒྱལ་སྤྱིའི་མཐུན་རྒྱུར་ལ་བརྟེན་ནས་སྤྱི་ཚོགས་བདེ་སྲུང་གི་ཐོབ་ཐང་དེ་ཉིད་ལག་ལེན་དོན་འབབས་དགོས་པའི་ཁེ་དབང་ཡོད།

དོན་ཚན་ཉེར་གསུམ་པ།

༡སྐྱེ་བོ་རེ་རེར་ལས་ཀ་བྱེད་པ་དང༌། རང་དབང་གི་སྒོ་ནས་ལས་རིགས་འདེམས་པ། དྲང་ལྡན་དང་འོས་ཤིང་འཚམས་པའི་ལས་ཀའི་ཆ་རྐྱེན་དགོས་པ་དང༌། ལས་ཤོར་ལ་ལས་སྐྱོབ་དགོས་པ་བཅས་ཀྱི་ཐོབ་ཐང་ཡོད། ༢སྐྱེ་བོ་རེ་རེར་དབྱེ་འབྱེད་གང་ཡང་མེད་པར་ལས་རིགས་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་གྱི་ཐོབ་ཐང་ཡོད། ༣ལས་ཀར་ཞུགས་པའི་སྐྱེ་བོ་རེ་རེར་འགྲོ་བ་མིའི་ཆེ་མཐོང་གི་རིན་ཐང་འཚམས་པའི་འཚོ་གནས་ཆེད་རང་ཉིད་དང་རང་གི་ཁྱིམ་ཚང་གི་ཆེད་དུ་དྲང་བདེན་དང༌། འོས་བབས་ཀྱི་གླ་ཕོགས་འགན་ལེན་དགོས་པའི་ཐོབ་ཐང་ཡོད། དགོས་གལ་མཆིས་ཚེ་སྤྱི་ཚོགས་འགན་སྲུང་གི་ཐབས་ལམ་གཞན་དག་ཐོག་ནས་འཚོ་སྣོན་སྤྲོད་དགོས། ༤སྐྱེ་བོ་རེ་རེར་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ལས་མིའི་ཚོགས་པ་འཛུགས་པའམ་འཛུལ་ཞུགས་བྱེད་པའི་ཐོབ་ཐང་ཡོད།

དོན་ཚན་ཉེར་བཞི་བ།

སྐྱེ་བོ་རེ་རེར་འོས་འཚམས་ཀྱི་ཚད་གཞི་ལྡན་པའི་ལས་ཀའི་དུས་ཚོད་དང༌། དུས་བསྟུན་ཕོགས་ཡོད་དགུང་གསེང་ཁག་ཐེ་བའི་ངལ་གསོ་དང༌། སོས་དལ་གྱི་ཐོབ་ཐང་ཡོད།

དོན་ཚན་ཉེར་ལྔ་བ།

༡སྐྱེ་བོ་རེ་རེར་རང་ཉིད་དང་རང་གི་ཁྱིམ་ཚང་གི་འཕྲོད་བསྟེན་དང༌། བདེ་ཐབས་ཀྱི་ཆེད་དུ་ཟས་གོས་གནས་མལ། སྨན་བཅོས།དགོས་ངེས་ཀྱི་སྤྱི་ཚོགས་ཞབས་ཞུ་བཅས་ཚུད་པའི་འཚོ་བའི་གནས་ཚད་འགྲིགས་ངེས་ཤིག་དགོས་པའི་ཐོབ་ཐང་ཡོད་ཅིང་ལས་མེད་དང༌། ནད་མནར། དབང་བོ་ཡན་ལག་སྐྱོན་ཅན། བཟའ་ཟླ་འདས་གྲོངས། རྒས་གཅོང་བཅས་ཀྱི་སྐབས་སམ་དེ་མིན་རང་ནུས་ལས་རྒལ་བའི་འཚོ་ཐབས་དཀའ་ངལ་འཕྲད་སྐབས་འཚོ་ཐབས་འགན་སྲུང་དགོས་པའི་ཐོབ་ཐང་ཡོད། ༢སྐྱེས་མ་དང༌། བྱིས་པའི་གནས་སྐབས་སུ་དམིགས་བསལ་གྱི་ལྟ་རྟོག་དང་རོགས་སྐྱོར་ཐོབ་དགོས་པའི་ཁེ་དབང་ཡོད་ཅིང༌། ཕ་མ་བཟའ་ཚང་ཡིན་པའམ། མ་ཡིན་པ་གང་ཡང་རུང་བ་ལས་སྐྱེས་པའི་བྱིས་པ་ཚང་མར་སྤྱི་ཚོགས་འགན་སྲུང་གཅིག་མཚུངས་ཐོབ་དགོས།

དོན་ཚན་ཉེར་དྲུག་པ།

༡སྐྱེ་བོ་རེ་རེ་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་ཡོད། མ་མཐར་ཡང་སྔོན་འགྲོ་དང་གཞི་རིམ་ཤེས་ཡོན་སློབ་སྦྱོང་རིན་མེ་དུ་ཐོབ་དགོས་ལ། སྔོན་འགྲོའི་ཤེས་ཡོན་སློབ་སྦྱོང་ནི་ངེས་པར་དུ་དགོས་པ་ཡིན། སྤྱིར་འཕྲུལ་ལས་དང༌། ཆེད་ལས་སློབ་སྦྱོང་གི་གོ་སྐབས་ཡོད་པ་བཟོ་རྒྱུ་དང༌། མཐོ་རིམ་སློབ་སྦྱོང་གི་གོ་སྐབས་སྦྱང་འབྲས་གཞིར་བཟུང་ཚང་མར་འདྲ་མཉམ་ཐོབ་དགོས་པ་ཡིན། ༢ཤེས་ཡོན་སློབ་སྦྱོང་གི་ཁ་ཕྱོགས་ནི། འགྲོ་བ་མིའི་རང་གཤིས་ཡར་རྒྱས་ཆ་ཚང་བ་དང༌། འགྲོ་བ་མིའི་ཐོབ་ཐང་དང༌། གཞི་རྩའི་རང་དབང་ལ་བརྩི་བཀུར་གྱི་ནུས་ཤུགས་ཆེ་སྐྱེད་བྱེད་པར་དམིགས་དགོས་པ་ཡིན། དེས་རྒྱལ་ཁབ་ཁག་དང༌། མི་རིགས། ཆོས་ལུགས་སྡེ་ཁག་བཅས་ཚང་མའི་བར་ལ་ཕན་ཚུན་གོ་དོན་ལེགས་རྟོགས་དང༌། བཟོད་འཁུར། མཛའ་གྲོགས་མཐུན་འབྲེལགོང་འཕེལ་དུ་གཏོང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་ཡུན་གནས་ཀྱི་ལས་དོན་ལ་རམ་འདེགས་བྱེད་ངེས་ཡིན། ༣བུ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཇི་འདྲ་ཞིག་སྤྲོད་དགོས་མིན་གདམ་ག་བྱེད་པའི་ཐོབ་ཐང་གཙོ་བོ་ཕ་མ་ཚོར་ཡོད།

དོན་ཚན་ཉེར་བདུན་པ།

༡སྐྱེ་བོ་རེ་རེར་རང་མོས་ལྟར་སྡེ་ཚོགས་ཀྱི་རིག་གཞུང་འཚོ་བའི་ནང་རང་དབང་གིས་མཉམ་བཞུགས་བྱེད་པ་དང༌། སྒྱུ་རྩལ་ལོངས་སུ་སྤྱོད་པ། ཚན་རིག་ཡར་ཐོན། དེའི་ཁེ་ཕན་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད། ༢་སྐྱེ་བོ་རེ་རེར་རང་ཉིད་རྩོམ་པ་པོ་ཡིན་པའི་ཚན་རིག་དང༌། རྩོམ་རིགམཛེས་རྩལ་བརྩམས་བྱ་བཅས་ཅི་རིགས་ཀྱི་ཐོན་སྐྱེད་ལས་བྱུང་བའི་བསམ་དཔལ་དང༌། དངོས་པོའི་ཁེ་ཕན་དེ་དག་ལ་ལོངས་སྤྱོད་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད།

དོན་ཚན་ཉེར་བརྒྱད་པ།

སྐྱེ་བོ་རེ་རེར་སྤྱི་ཚོགས་དང༌། རྒྱལ་སྤྱིའི་སྒྲིག་སྲོལ་ཞིག་དགོས་པའི་ཁེ་དབང་ཡོད་ལ། སྒྲིག་སྲོལ་དེའི་འོག་གསལ་བསྒྲགས་འདིའི་ནང་བཀོད་པའི་ཐོབ་ཐང་ཁག་དང༌། རང་དབང་རྣམས་མངོན་གྱུར་དགོས་པ་ཡིན།

དོན་ཚན་ཉེར་དགུ་བ།

༡སྤྱི་ཚོགས་ཁོ་ནའི་ནང་གང་ཟག་ཞིག་གི་གཤིས་སྤྱོད་རང་དབང་གི་སྒོ་ནས་ཆ་ཚང་བའི་ཡར་རྒྱས་འགྲོ་ཐུབ་པར་བརྟེན་སྐྱེ་བོ་རེ་རེར་སྤྱི་ཚོགས་ཀྱི་ལས་འགན་ཡོད། ༢སྐྱེ་བོ་རེ་རེས་རང་གི་ཐོབ་ཐང་དང་རང་དབང་ལ་ལོངས་སུ་སྤྱོད་སྐབས་མང་གཙོའི་སྤྱི་ཚོགས་ཤིག་ནང་དགོས་ངེས་ཀྱི་ཡ་རབ་སྤྱོད་བཟང༌། མང་ཚོགས་ཀྱི་སྒྲིག་སྲོལ། སྤྱིར་བཏང་གི་བདེ་དོན་བཅས་ཀྱི་དགོས་མཁོ་གྲུབ་པ་དང༌། སྐྱེ་བོ་གཞན་གྱི་ཐོབ་ཐང་དང་རང་དབང་ལ་འོས་ཤིང་འཚམས་པའི་ངོས་འཛིན་དང༌། བརྩི་བཀུར་འབྱུང་ཐབས་འབའ་ཞིག་བཅས་ཁྲིམས་ཐོག་ནས་ཇི་ལྟར་གཏམ་ལ་ཕབ་པའི་རྒྱས་བཅད་ཁོ་ནར་བསྟུན་དགོས་པ་ཡིན། ༣ཐོབ་ཐང་དང༌། རང་དབང་འདི་དག་སྐབས་གང་དུ་འང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་རྩ་འཛིན་རྣམས་དང་ཕྱོགས་འགལ་གྱིས་ལོངས་སུ་སྤྱོད་པའི་རིགས་མི་ཆོག

དོན་ཚན་སུམ་ཅུ་བ།

གསལ་བསྒྲགས་འདིའི་ནང་གི་གནས་དོན་གང་ལ་ཡང་རྒྱལ་ཁབ་བམ། མི་སྡེ། གང་ཟག་སུས་ཀྱང་འདིར་གསལ་བའི་ཐོབ་ཐང་དང་རང་དབང་ཁག་གང་ཡང་རུང་བ་གཏོར་བཤིག་གཏོང་བར་དམིགས་པའི་བྱ་གཞག་གང་ཡང་སྤེལ་བའམ་སྤེལ་བར་འཇུག་པའི་ཐོབ་ཐང་གང་ཡང་ཡོད་ཚུལ་གྱི་གོ་དོན་ཕྱིན་ཅི་ལོག་ཏུ་བཀྲལ་མི་ཆོག

༼རྫོགས་སོ།།༽