03
Wed, Dec
5 རྩོམ་གསར།

༸གོང་ས་མཆོག་དགུང་གྲངས་༨༩་ཕེབས་པའི་སྐུའི་འཁྲུངས་སྐར་འཛམ་གླིང་གང་སར་སྲུང་བརྩི་ཞུས་སོང་།

ཕྱི་ལོ་༢༠༢༤ ཟླ་༧ ཚེས ༦ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸སྐུའི་འཁྲུངས་སྐར་སྲུང་བརྕི་ཞུས་སོང་། པར། བོད་ཀྱི་ཆ་འཕྲིན།

རྒྱལ་སྤྱི།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༤ ཟླ་༧ ཚེས་༦ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ནི་ཨ་རི་དང་ཁེ་ན་ཌ། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་། ཨོ་སི་ཊི་ལི་ཡ། ཐེ་ཝན། ཉི་ཧོང་། རྒྱ་གར་དང་བོད་ནང་སོགས་སུ་དངོས་ཤུགས་བརྒྱུད་གསུམ་ནས་སྲུང་བརྩི་ཞུས་སོང་། དེ་བཞིན་འཛམ་གླིང་གང་སའི་དབུ་ཁྲིད་གཙོས་པའི་གནད་ཡོད་མི་སྣ་ཚོས་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས་སྐུ་གཟུགས་མྱུར་དུ་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་(Shri Prem Singh Tamang) མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་གྷོ(Shri Tapir Gao) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མིག་དམར་ནོར་བུ་ཤར་པ་ (Shri Mingma Norbu Sherpa) མཆོག ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་བྷིམ་ཧཾག་སུབྦ་ (Shri Bhim Hang Subba) མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་པུ་རན་ཀུ་མཱར་གུ་རུངྒ་ (Shri Puran Kumar Gurung) མཆོག འབྲས་ལྗོངས་མངའ་སྡེའི་ཤིང་ནགས་དང་ཁོར་ཡུག་བློན་ཆེན་ཕུན་ཚོགས་རྣམ་རྒྱལ་ལེབ་ཅ་ (Shri Pintso Namgyal Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨུ་རུང་ལེབ་ཇ་ (Shri Erung Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སཾ་ཇཱིཊ་ཁ་རེལ་ (Shri Sanjeet Kharel) མཆོག སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ལྷན་བཅར་ལས་བྱེད་དང་སྐུ་འཁོར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་།

ཐོག་མར། ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་བླངས་སོང་། དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་མཆོག་གཙོས་རིམ་བཞིན་སྐུ་མགྲོན་རྣམ་པས་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་བོད་ཀྱི་ཟློས་གར་ཚོགས་པས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་འབུལ་ལམ་ཞུས་སོང་། དེ་ནས་སྐུ་གཙོ་དང་མི་མང་རྣམས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་སྐུ་མགྲོན་གཙོ་བོ་གཙོས་སྐུ་མགྲོན་རྣམ་པས་སྐུའི་འཁྲུངས་སྐར་རྟེན་འབྲེལ་མཚོན་བྱེད་ཀྱི་མངར་ཟས་སྤྲི་གོར་གཏུབས་གནང་སོང་།

དེ་ནས་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། འཛམ་གླིང་ས་ཕྱོགས་གང་སར་༸མགོན་པོ་གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དུས་ཚེས་ཁྱད་པར་ཅན་འདིར། ང་ཚོ་ཚང་མས་རྣམ་པ་འདྲ་མིན་གྱི་དགའ་སྟོན་ལ་རོལ་པ་དང་ཆབས་ཅིག། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེ་ལྡན་པའི་གོ་ལ་ཞིག་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་མཛད་འགན་བསྐྱངས་དང་སྐྱོང་བཞིན་པར་དྲིན་གཟོ་སླད་མི་རེ་ངོ་རེས་བྱམས་བརྩེའི་ཉམས་ལེན་བསྟེན་པའི་དུས་ཚེས་ཤིག་ཡིན་པར་དྲན་བསྐུལ་ཞུ་རྒྱུ་ཡིན།

བོད་ལུགས་ལྟར་ན། ད་ལོ་༸མགོན་པོ་མཆོག་གོ་སྟོན་རྟེན་འབྲེལ་གྱི་ཉིན་མོར་འཁེལ་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ པ་ནས་བཀའ་ཤག་གིས་ཕྱི་ལུགས་ལྟར་རྒྱལ་སྤྱིའི་ཁྱོན་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་གོ་སྟོན་གོ་སྒྲིག་ཞུ་གཏན་འཁེལ་ཏེ་མཛད་རིམ་རྣམ་མང་འཆར་སྒྲིག་ཞུ་བཞིན་ཡོད་པ་དང་། དེར་སྟ་གོན་གྱི་ཚུལ་དུ་དེ་རིང་ནས་ཡོང་འགྱུར་གྱི་གཞུང་འབྲེལ་མཛད་སྒོ་ཁག་བཞིར་༸མགོན་པོ་མཆོག་གི་མཛད་འགན་བཞིའི་སྐོར་ངོ་སྤྲོད་སྙིང་བསྡུས་བརྒྱུད། རྗེས་འཇུག་ཀུན་ལ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་ཞུ་གལ་སྐོར་དྲན་སྐུལ་ཞུ་འཆར་ཡིན། ཞེས་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་མཁྱེན་པ་རྒྱས་ཤིང་། དེང་གི་ཚན་རིག་བཅས་ལ་ཐུགས་སྣང་ཆེན་པོ་གནང་སྟེ་འཛམ་གླིང་ནང་ཆེ་དགུ་ཀུན་གྱིས་བཀུར་བ་དང་། ཁོང་གི་མཛད་འཕྲིན་ལ་ཡིད་སྨོན་ཆེན་པོ་ཞུ་བཞིན་ཡོད། ཆོས་ཕྱོགས་ནས་དད་ལྡན་འབུམ་ཕྲག་མང་པོར་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ཞིང་། ལྷག་པར་དུ་ཕྱི་ལོ་ ༡༩༥༤ ནས་བཟུང་ད་བར་དུས་འཁོར་དབང་ཆེན་ཐེངས་ ༣༤ བསྩལ་གནང་མཛད་ཅིང་། ཉིན་མཚན་དུས་དྲུག་ཏུ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཐུགས་ཉམས་སུ་བཞེས་པའི་སྒོ་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ནང་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་མཛད་པ་ཙམ་དུ་མ་ཟད། འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་སུ་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ས་ཕྱོགས་གང་སར་ཆིབས་བསྒྱུར་མཛད་ནས་བཀའ་སློབ་ལམ་སྟོན་གནང་འབྲས་སུ་ནང་པ་མ་ཡིན་པའི་ཆོས་ལུགས་གཞན་ཁག་གི་བླ་ཆེན་རྣམ་པའི་རྗེས་འབྲང་དང་བཅས་པས་ཀྱང་མོས་གུས་ཆེན་པོའི་སྒོ་ནས་བཀའ་གསུང་དང་ལེན་ཞུས་དང་ཞུ་བཞིན་ཡོད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་གཙོ་བོར་གྱུར་བའི་ཕྱི་ལོ་ ༡༩༥༧ ནས་བཟུང་ད་བར་ཨ་རི་དང་། ཡུ་རོབ། རྒྱ་གར་གཙོས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོས་ཆེ་བསྟོད་གཟེངས་རྟགས་དང་། སློབ་དཔོན་ཆེན་པོའི་ཕྱག་འཁྱེར། མི་སེར་ཆེ་བསྟོད་ཕྱག་འཁྱེར། གྲོང་ཁྱེར་ལྡེ་མིག་སོགས་བརྒྱ་ཕྲག་གསུམ་བརྒལ་བ་འབུལ་བཞེས་མཛད་ཡོད། རྒྱལ་སྤྱིའི་སྟེང་ཆེས་གུས་བཀུར་དང་དགའ་མོས་ཞུ་ཡུལ་གྱི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་པར་སོང་། བོད་པ་དང་། ནང་པ་ཙམ་དུ་མ་ཟད་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་རྩ་ཆེའི་སྤྱི་ནོར་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།

དེ་ནས་སྐུ་མགྲོན་རྣམ་པས་༸གོང་ས་རྒྱལ་བ་རིན་པོ་ཆེའི་མཛད་རྗེས་ལ་མངོན་པ་བསྟོད་པ་དང་ཁོང་གིས་འཛམ་གླིང་གང་སར་བྱམས་དང་སྙིང་རྗེ། ཞི་བདེ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ཀྱི་སྐོར་གསུང་བཤད་གནང་ནས་མི་མང་པོ་ཕན་ཐོགས་བྱུང་ཡོད་པ་དང་། དེར་བརྟེན་ཁོང་ལ་ཞི་བའི་གཟེངས་རྟགས་གཙོས་གཟེངས་རྟགས་མང་པོ་ཐོབ་ཡོད་པའི་སྐོར་གསུང་བཤད་གནང་སོང་། དེ་བཞིན་ཁོང་རྣམ་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དང་བོད་དོན་དྲིལ་བསྒྲགས་སྐོར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་སོགས་བཤད་གསུང་གནང་སོང་།

སྐུའི་འཁྲུངས་སྐར་ཉིན། རྒྱ་གར་གྱི་སྲིད་བློན་ན་རེན་ཌར་མོ་ཏི་ཡིས་གཙོས་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པ། ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག རྒྱ་གར་གྱི་བློན་ཆེན་ཀི་རེན་རི་ཇེ་ཇོ་(Kiren Rijiju) མཆོག ཞི་བདེ་གཟེངས་རྟགས་བཞེས་མཁན། རྩོམ་པ་པོ་དང་རྩོམ་སྒྲིག་པ། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀེན་(Blinken)མཆོག་དང་ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་(Uzra Zeya ) མཆོག ཨ་རིའི་གྲོས་ཚོགས་འཐུས་མི་དང་ཚོགས་གཙོ་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ནན་སི་པི་ལའོ་སི་མཆོག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)་མཆོག ཐེ་ཝན་སྲིད་འཛིན་ཀྱི་མགྲིན་ཚབ་པ་ལི་ཝན་ལགས། ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མི་རྣམ་པ། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པ་གཙོས་འཛམ་གླིང་གང་སའི་གནད་ཡོད་མི་སྣ་རྣམས་ཀྱིས་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས་སྐུ་གཟུགས་མྱུར་དུ་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་སོང་།

ད་དུང་། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་བཀག་སྡོམ་ལ་མ་འཛེམས་པ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ཁོང་ཚོས་དྲ་ཐོག་ནས་དངོས་གསལ་དོད་པོ་མེད་པའི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་རྩིས་ཞུས་འདུག བོད་མི་ཞིག་གིས་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། གདུང་བས་འབོད་དོ་དྲིན་ཆེན་ཆོས་ཀྱི་རྗེ། སྐལ་དམན་བདག་ལ་རེ་བ་ས་ཁྱེད་ལས་མེད། ཐུགས་ཡིད་དབྱེད་མེད་འདྲེས་པར་བྱིན་གྱིས་རླབས། ཞེས་དང་། ཡང་བོད་མི་གཞན་ཞིག་གིས་དེ་རིང་དུས་བཟང་གི་ཉིན་མོ་རོལ་སྟངས་ཡག་ཤོས་དང་ཕྱག་རྟགས་ཡག་ཤོས་ནི་སེམས་པ་བཟང་པོ་གནང་རོགས་ཞེས་གསུངས་ཡོད། ཅེས་དང་། ད་དུང་བོད་མི་གཞན་ཞིག་གིས་དེ་རིང་ནི་དུས་ཆེན་ཡིན་པས་ནང་ཞེ་སྡང་གི་དགྲ་བོ་ཁ་ཡན་མི་གཏོང་ཞིང་བཟོད་པ་སྒོམ་པ་དང་། གཞན་གྱི་ཤ་ཁྲག་རང་གི་ཁ་ཟས་མི་བྱེད་པ་སོགས་བསམ་པ་བཟང་པོ་འབད་པ་འཚལ། བདེ་སྡུག་གཏོང་ལེན་གྱི་བྱམས་སྙིང་རྗེ་བསྒོམ་རྒྱུ་གལ་ཆེ། ཞེས་བཀོད་འདུག

གཞན་ཡང་། གཞིས་ལུས་སྤུན་ཟླ་ཁག་ཅིག་གིས་ཁྱེད་(རྒྱལ་བ་རིན་པོ་ཆེ)ཀྱི་གསུང་སྐད་ཐོས་ཐེངས་རེར་རང་དབང་མེད་པར་ངུ་ཤོར་ཞེས་དང་། ཁྱེད་ཀྱི་གསུང་ཐོས་དུས་ཐེངས་མང་པོ་ངུས་པ་ཡིན་ཞེས་དང་། ང་ཁྱེད་ལ་སྐད་ཆ་མང་པོ་ཞུ་རྒྱུ་ཡོད་ཅེས་དང་། ཐང་རིང་གི་ཁྱེད་སྐུ་ཚེ་བརྟན་པར་ཤོག་ཅེས་དང་། ༸མགོན་བླ་མའི་སྐུ་ཡི་འཁྲུངས་སྐར་བསུ། དྲིན་བླ་མ་སྐུ་ཚེ་བརྟན་བར་ཤོག ཡུལ་ཁ་བར་མྱུར་དུ་ཕེབས་རྒྱུ་ཤོག གླིང་ཞི་བདེའི་ཐུགས་དགོངས་འགྲུབ་པར་ཤོག ངས་དུས་བཟང་དེ་ལ་གསོལ་བ་འདེབས། ངས་དུས་བཟང་དེ་ལ་འཚམས་འདྲི་ཞུ། ཞེས་སོགས་བཀོང་འདུག