ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༠ ཉིན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་གོ་སྒྲིག་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༧ དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོ་ཞི་བའི་གོམ་བགྲོད་ལམ་ནས་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར། ད་བར་བོད་རྒྱལ་ཁབ་དང༌། མི་རིགས་ཀྱི་ཆེད་དུ་གཅེས་པའི་སྐུ་སྲོག་ལོངས་སྤྱོད་བློས་གཏོང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ལ་རྗེས་དྲན་དང་། རྒྱ་གཞུང་གི་བཙན་འོག་ན་དུས་ད་ལྟའང་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་རྣམས་པ། དེ་བཞིན་གཞིས་བཞུགས་བོད་འབངས་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་རི་ལྟར་སྲ་བརྟན་དུ་གནས་མུས་ཡིན་པར་ཡི་རང་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་གཞུང་འབྲེལ་གྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༧ དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོ་དུས་དྲན་སྲུང་བརྩི་མཛད་སྒོ་གྲོལ་རྗེས། སྔ་དྲོ་ཆུ་ཚོད་༡༢་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས། དྷ་ཤོད་ཀ་ཅ་རི་དབར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༧ དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོ་ཞི་བའི་གོམ་བགྲོད་ལམ་ནས་དུས་དྲན་སྲུང་བརྩི་ཞུས་སོང་།
ཞི་བའི་གོམ་བགྲོད་གནང་སྐབས་སེར་སྐྱ་མི་མང་དང་སློབ་ཕྲུག་རྣམས་ཀྱིས་བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུག་ཤིག། རྒྱ་གཞུང་གིས་བོད་ནང་སྡུག་རྩུབ་བྱེད་རྒྱུ་མཚམས་འཇོག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་སོགས་ཀྱི་སྐད་འབོད་གནང་སོང་། སྐབས་དེར། ཚོང་ཁང་དང་ཟ་ཁང་གི་བདག་པོ་ཁག་ཅིག་གིས་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་རྣམས་ལ་ཆུ་དང་ཤིང་ཏོག་ཁུ་བ་སྤྲད་པ་བཅས་གདུང་སེམས་མཉམ་བསྐྱེད་གནང་སོང་།
ཆུ་ཚོད་གཉིས་ལྷག་ཞི་བའི་གོམ་བགྲོད་གནང་རྗེས་དྷ་ཤོད་ཀ་ཅ་རི་འདུ་འཛོམས་བྱེད་ཡུལ་ལ་སླེབས་སོང་། དེ་ནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༧ པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་བཏོན་ཡོད་པ་དེ་བཀླགས་གནང་སོང་། དེའི་འཁོད་དོན་ཐོག་མར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་ངོས་ནས་གཞིས་བྱེས་བོད་འབངས་ཡོངས་ལ་འཚམས་འདྲི་ཞུ་བ་དང་སྦྲགས། དེ་རིང་ནི་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་གལ་ཆེ་ཞིག་ཡིན། ཕྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་ལུགས་འགལ་གྱིས་བོད་ས་ཡོངས་རྫོགས་དྲག་པོས་བཙན་འཕྲོག་བྱས་ནས་ད་བར་མི་ལོ་༦༧ ཧྲིལ་པོ་འཁོར་བའི་དུས་དྲན་བརྗེད་དུ་མི་རུང་བའི་གལ་ཆེའི་ཉིན་མོ་ཞིག་ཡིན། རྒྱ་དམར་སྲིད་གཞུང་གིས་བོད་སར་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་རྒྱལ་ཁབ་དང༌། མི་རིགས་རིག་གཞུང་གི་བདག་དབང་སྲུང་སྐྱོབ་སླད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ལྷག་བསམ་དང་སྙིང་སྟོབས། གློད་གཏོང་གི་མཛད་རྗེས་སོགས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་བཙན་འོག་ན་དུས་ད་ལྟའང་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་རྣམས་པ། དེ་བཞིན་གཞིས་བཞུགས་བོད་འབངས་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་རི་ལྟར་སྲ་བརྟན་དུ་གནས་མུས་ཡིན་པར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ངོས་ནས་ཡི་རང་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་དང་།
དགྲ་བོ་རྒྱ་དམར་སྲིད་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཕྱི་ལོ་༡༩༤༩ ཙམ་ནས་བོད་ཤར་ཕྱོགས་སུ་བཙན་འཛུལ་བྱས་པ་དང༌། ཕྱི་ལོ་ ༡༩༥༩ ལོར་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་དྲག་པོའི་དམག་གིས་བཙན་བཟུང་བྱས་ཏེ་སྤྱི་ཟླ་༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་རིགས་རྣམས་ནས་མ་གྲོས་བསམ་པ་གཅིག་ མཐུན་གྱིས་ནོར་གླིང་༸རྒྱལ་བའི་ཕོ་བྲང་གི་གཡས་གཡོན་དུ་འདུ་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་དང༌། བོད་ཀྱི་བདག་དབང་སྲུང་སྐྱོབ་སླད་ “ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི བོད་ནས་ཕར་རྒྱུགས་ཤིག” ཅེས་པའི་འབོད་སྒྲ་དང་བཅས་རྒྱ་དམར་སྲིད་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ངོ་རྒོལ་ཁྲོམ་སྐོར་གྱིས་བོད་རང་དབང་སྒེར་ལངས་ཐོག་མ་དེ་གནང་ཡོད་པ་དང༌། དུས་དེ་ནས་བཟུང་རང་དབང་དང་ཞི་བདེ་ལ་དགའ་བའི་བོད་མི་རྣམས་ནས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་བོད་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང༌། ཁོར་ཡུག་དང་བཅས་མདོར་ན་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ སླད་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བར་བརྟེན། རྒྱ་དམར་སྲིད་གཞུང་ གིས་ཉམས་ཆུང་བོད་མི་རྣམས་ཉེས་མེད་འཛིན་བཟུང་བཙོན་འཇུག་གིས་ད་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཟིན་པ་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་དམར་སྲིད་གཞུང་གི་དམ་དྲག་སྲིད་བྱུས་འོག་བོད་མི་ རྣམས་འུ་ཐུག་གཟོད་བྲལ་གྱིས་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་རྒན་གཞོན་གྲངས་ ༡༦༠ ལྷག་གིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད།
རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་ཚུན་ཆད་རྩ་མེད་བཟོ་རྒྱུའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་ ཉམས་ཆུང་བོད་མི་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་འགྲོ་འདུག་གི་རང་དབང་དང་བྲལ་ཞིང་ཉིན་མཚན་ཀུན་ཏུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་པར་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་ཕྲུག་རྣམས་རང་གི་ཕ་མ་སྤུན་མཆེད་ཀྱི་འགྲམ་ནས་བཙན་ཁྲིད་ཀྱིས་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་གིས་ རང་གི་ཕ་མ་སྤུན་མཆེད་ཀྱི་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་ཐོབ་རྒྱུ་ལས་ཁ་བྲལ་ཏུ་བཏང་བ་མ་ཟད། རྒྱ་དམར་སྲིད་གཞུང་རང་གི་དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱས་ཏེ་བོད་ཕྲུག་རྣམས་ཀྱི་བསམ་བློ་ཚུན་ཆད་རྒྱ་མི་རིགས་སུ་སྒྱུར་ཐབས་བྱས་དང་བྱེད་མུས་ཡིན་པ་དེ་རེད།
དེ་བཞིན་རྒྱ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༧ ཙམ་གྱི་རིང་ བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་སློབ་གཉེར་བྱེད་སའི་བསྟི་གནས་རྩ་ཆེའི་དགོན་སྡེ་དང་དཔར་ཁང་ཁག་རྩ་གཏོར། ལོ་རྒྱུས་ཡུན་རིང་ལྡན་པའི་རྩ་ཆེའི་གནའ་ཤུལ་ཁག་ཤུལ་མེད་བཟོ་བ། རྩ་ཆེའི་གནས་རི་ཁག་ནས་རིན་ཆེན་གཏེར་ཁ་སྣ་ཚོགས་སྔོག་འདོན། ཡུལ་ལུང་གང་སར་ཆུ་མཛོད་དང་གློག་ཁང་འཛུགས་སྐྲུན་གྱིས་ཡུལ་གྲོང་ཁག་བཙན་གྱིས་གནས་སྤོ་བཏང་བ། གཙང་ཆུ་ཁ་སྒྱུར་དང་ཤིང་ནག་གཅོད་བྲེག མདོར་ན་བོད་ཀྱི་ཕྱི་སྣོད་ཀྱི་སྐྱེ་ཁམས་ཁོར་ཡུག་རྩ་གཏོར་དང་གཏོར་བཤིག་བཏང་བ། ནང་བཅུད་ཀྱི་སེམས་ཅན་རྣམས་དམར་གསོད་དང་དཀའ་སྡུག་ཚད་མེད་སྤྲོད་བཞིན་ཡོད། དེ་ལྟར་རྒྱ་དམར་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྲིམས་འགལ་ཐོག་བོད་ས་བཙན་འཕྲོག་བྱས་པ་མ་ཟད། ལོ་རྒྱུས་ཡུན་ རིང་ལྡན་པའི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱང་རྫུན་བཟོ་དང་རྫུན་སྒྲིག་གིས་རྒྱལ་སྤྱིའི་ཐོག་འཁྱོག་བཤད་ལོག་བཤད་ཀྱི་ རྫུན་གཏམ་སྤེལ་དང་སྤེལ་མུས་ཡིན་པར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་ལྔའི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་དང༌། བོད་དོན་བདེན་མཐའ་མ་སེལ་གྱི་བར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་སེམས་ཤུགས་ལྡན་པ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་རྒྱ་དམར་སྲིད་གཞུང་ལ་ནན་བརྗོད་བྱ་རྒྱུ་ཡིན།
ད་སྐབས་གཉེན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང༌། སྐྱེ་ཁམས་ ཡུག་སོགས་མདོར་ན་བོད་ཀྱི་གནད་དོན་སེལ་རྒྱུ་ནི་འཛམ་གླིང་ཞི་བདེ་དང་མི་མང་གི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ ཆགས་ཡོད་པས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་ཁག ཚོགས་པ་སྒྲིག་འཛུགས་ ཁག་སྤྱི་སྒེར་ཁག་ནས་ད་བར་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་མཐུན་མོང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སླད་མ་འོངས་པར་ཡང་བོད་དོན་བདེན་མཐའ་མ་སེལ་གྱི་བར་དེ་སྲིད་དུ་རྒྱབ་སྐྱོར་སྔར་ལྷག་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཞེས་བཀོད་འདུག