ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣༠ ཉིན། གངས་སྐྱིད་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཐུན་མོང་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར། སྐུ་མགྲོན་གཙོ་བོར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕེབས་གནང་འདུག གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་ཡིག་གཟུགས་མཁས་དབང་ནས་བོད་ཀྱི་ཡིག་གཟུགས་ལོ་རྒྱུས་དང་ལག་ལེན་སྐོར་གཏམ་བཤད་གནང་སོང་།
བོད་ཀྱི་ཡིག་གཟུགས་ཉིན་མོ་ནི་ཕྱི་ལོ་༢༠༡༧་ལོར་གཏན་འབེབས་གནང་ནས་ལོ་རྟག་སྤྱི་ཟླ་༤་ཚེས་༣༠ ཉིན་བོད་ཕྱི་ནང་གཉིས་སུ་བོད་མི་རྣམས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད། སྤྱི་ཟླ་བཞི་པ་ཞེས་པའི་བཞི་ནི་བོད་ཀྱི་ཡི་གེའི་དབྱངས་བཞི་དང་ཚེས་༣༠་ནི་བོད་ཀྱི་ཡི་གེའི་གསལ་བྱེད་སུམ་ཅུར་མཚོན་གྱི་ཡོད།
གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སྒྲིག་འཛུགས་འགན་འཛིན་དགེ་འདུན་པ་ཀརྨ་དབང་གྲགས་མཆོག་གིས་བོད་ཀྱི་ཡིག་གཟུགས་བྱུང་རིམ་དང་ངོ་སྤྲོད་གནང་དོན། མིང་ཚིག་གཉིས་ཀྱི་རྩོམ་གཞི་འགྱུར་པའི་སྐད་ཀྱི་གདངས་ལ་ཡི་གེ་ཞེས་ངོས་འཛིན་པ་དང༌། སྐད་ཀྱི་གདངས་མཚོན་བྱེད་ཀྱི་རི་མོའམ་གཟུགས་དེ་ལ་ཡིག་གཟུགས་ཞེས་ཟེར། དེར་དབྱེ་བ། རི་མོའི་ཡིག་གཟུགས་དང་། སྒྲའི་ཡིག་གཟུགས། དབྱིབས་ཀྱི་ཡིག་གཟུགས་བཅས་གསུམ་དུ་བསྡུས་པས་བོད་ཀྱི་ཡིག་གཟིགས་ནི་སྒྲའི་ཡིག་གཟུགས་ཁོངས་སུ་གཏོགས།
བོད་ཀྱི་ཡིག་གཟུགས་ནི་རིག་གནས་བཅུ་ལས་གང་གི་ཁོངས་ཀྱི་བཟོ་རིག་པར་གཏོགས་ཤིང་། སྐུལ་མ་དང་མཐུན་རྐྱེན་སྦྱོར་མཁན་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་དང་། སློབ་དཔོན་ཐུ་མི་སཾ་བྷོ་ཊས་གསར་གཏོད་མཛད། བོད་ཀྱི་ཡིག་གཟུགས་ནི་རྒྱ་གར་ནཱ་ག་ར་ཡི་གེ་ལས་དཔེ་བླངས་པར་གསལ། བོད་ཡིག་སྤྱི་གཟབ་མ་དང་འབྲུ་མ། གཤར་མ་གསུམ་གྱི་ནང་འདུལ་ཡོད། ཅེས་སོགས་འགྲེལ་བརྗོད་གནང་སོང་།
ཐེངས་འདིར་དཔལ་སྤུངས་ཤེས་རབ་གླིང་གིས་བོད་ཀྱི་འགྲེམས་སྟོན་ཁང་དུ་ལཉྫ། ཝརྟུ། ཡིག་དཀར། འབྲུ་ཚ། སུག་རིང་། སུག་ཐུང་། ཁམས་བྲིས། ཡིག་ཆུང་། ཧོར་ཡིག་བཅས་བོད་ཀྱི་ཡིག་གཟུགས་དབྱིབས་དགུ་འགྲེམས་སྟོན་གནང་བཞིན་འདུག དེའི་ཁྲོད་བོད་གཞུང་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་ཞུས་ཞིང་མཁས་དབང་སྣང་རྒྱལ་ཨ་ཏི་ཤེས་རབ་ཉི་མ་མཆོག་གིས་མཛད་གནང་པའི་བོད་ཀྱི་ཡིག་གཟུགས་དབྱེ་བ་༡༠༩ ཡོད་པའི་དཔེ་དེབ་<<ཡིག་རིགས་བརྒྱ་ཡི་མ་ཕྱི་འཛམ་གླིང་མཁས་དགུའི་མཛས་རྒྱན་ཕྱོགས་ལས་རྣམ་རྒྱལ་ཞེས་པ་བྱ་བ་བཞུགས་སོ>>ཞེས་པ་ཡང་འགྲེམས་སྟོན་གནང་འདུག
མཁས་དབང་སྣང་རྒྱལ་ཨ་ཏི་ཤེས་རབ་ཉི་མ་མཆོག་ནི། སྤྱི་ལོ་༡༩༦༤ ལོར་མདོ་སྨད་རྔ་བ་ཡུལ་དུ་སྐུ་འཁྲུངས། དགུང་གྲངས་དགུར་སོན་པར་རྔ་བ་སྣང་ཞིག་དགོན་པའི་ཆོས་གྲྭར་ཞུགས། དགེ་བཤེས་ཚུལ་ཁྲིམས་དང་ཁུ་བོ་ནམ་མཁའ་བསྟན་འཛིན་རྣམ་གཉིས་མདུན་ནས་ཡི་གེ་སྦྱོར་ཀློག་སོགས་ཁོང་དུ་ཆུད་པར་སྦྱངས་ཤིང༌། དགུང་ལོ་བཅུ་གསུམ་ཙམ་ནས་རིམ་པར་སྨན་རི་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་གདན་ས་སེ་འབྲས་སོགས་ཆོས་སྡེ་དུ་མར་ཆེད་ཕེབས་ཀྱིས། མ་ཧཱ་པཎྜི་ཏ་བྱ་འཕུར་ཤེས་རབ་བློ་ལྡན་རིན་པོ་ཆེ་མཆོག་དང་། གཞན་ཡང་མཁས་པའི་དབང་པོ་དང་དགེ་བཤེས་ལྷ་རམས་སོགས་བཤེས་གཉེན་དུ་མར་བསྟེན་ཏེ། སྒྲ་དང་སྙན་ངག ། རྩིས་དང་སྡེབ་སྦྱོར། རྒྱལ་རབས་ལོ་རྒྱུས་དང་ཡིག་རིས་སྣ་མང་ཐིག་ཚད་དང་བཅས་པ། དབུ་ཕར་སོགས་མདོ་སྔགས་གཞུང་ཆེན་ཀུན་ལ་གསན་སྦྱོང་རྒྱ་ཆེར་མཛད་པས་གནས་བཅུ་རིག་པར་མཁས་པའི་གོ་འཕང་རྙེད།
བཙན་འབྱོར་དུ་ཕེབས་རྗེས། སྤྱི་ལོ་༡༩༩༠ ལོར་ཀ་ཤཱ་ཡ་བོད་ཀྱི་རིག་གཞུང་འགྲན་བསྡུར་སྐབས། ༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་མདུན་ནས་བསྔགས་དབྱངས་ཡང་རྩེར་སོན་པའི་བྱ་དགའ་ཐོབ། གཞན་ཡང་བོན་དང་ཇོ་ནང་ས་དགེའི་ཆོས་སྡེ་དུ་མར་གདན་ཞུས་ཀྱིས་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གཞུང་ལུགས་འཆད་ཁྲིད་གནང་བ་དང༌། སྤྱི་ལོ་༢༠༠༡ ཙམ་ནས་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་གདན་ཞུས་ཀྱིས་བྱམས་མགོན་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གི་བཀའ་དགོངས་བཞིན་བགྲང་བྱ་ཉི་ཤུ་ལྷག་ཡིག་རིས་འབྲི་རྩལ་དང་སྒྲ་རྩིས་སྙན་ངག་སོགས་ཀྱི་འཆད་ཁྲིད་བཀའ་དྲིན་བསྐྱངས་ཏེ་སྐལ་བཟང་སློབ་མ་རྣམས་ཀྱི་ཡིད་གསོས་བདུད་རྩི་ལྟ་བུར་གྱུར། ལྷག་པར་ཡིག་རིགས་མི་འདྲ་བ་བརྒྱ་ལྷག་མཁྱེན་པའི་ནང་ནས་དམ་པ་ཉིད་ཀྱི་རིག་པའི་རང་རྩལ་ལས་འཁྲུངས་པའི་ཡིག་གསར་རིགས་མི་འདྲ་བ་དགུ་མཛེས་དཔལ་ཕུན་སུམ་ཚོགས་པ་ལྷོ་གླིང་མིག་རྒྱན་དུ་གྱུར། སྤྱི་ལོ་༢༠༠༨ ལ་བྱམས་མགོན་ཏཱའི་སི་ཏུས་གདན་སའི་འདུས་ཚོགས་དབུས་སུ་མ་ཧཱ་པཎྜི་ཏའི་མཚན་གནས་གསོལ། སྤྱི་ལོ་༢༠༡༧ ལོར་གདན་སའི་རིག་གནས་མཐོ་སློབ་ཏུ་སྒྲ་རིག་རབ་འབྱམས་པའི་བསླབ་གཞི་ཆེད་འཛུགས་ཀྱིས་དགེ་རྒན་ཆེན་མོར་བསྐོ་བཞག་གིས་བོད་ཀྱི་བརྡ་སྤྲོད་སྙན་ངག་སྒྲ་རིག་སོགས་ཀྱི་སློབ་ཚོགས་དུ་མར་བསྐྱངས་དང་སྐྱོང་བཞིན་ཡོད་འདུག
སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་བྱ་བ་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་སྤྱི་ལོ་༡༧༢༩ ལོར་སྡེ་དགེ་རྒྱལ་པོའི་གདུང་རབས་ཞེ་ལྔ་པ་དང༌། སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ། ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གིས་ཨ་ལོ་དཔལ་འབྱོར་དགོན་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆོས་རྒྱལ་ཉིད་ཀྱིས་ཐུགས་བཞེད་ལྟར་སྒྲུབས་ཤིང་། ཤིང་དང་པར་བརྐོའི་མཐུན་རྐྱེན་ཁོང་གིས་སྒྲུབ་ཆོག་ཅེས་སྐུལ་བ་དང༌། དགེ་མཚན་ལ་བརྟག་དཔྱད་ནན་ཏན་མཛད་དེ་སྡེ་བཞི་དགེ་བཅུའི་རབ་ཏུ་འབྱོར་བའི་གནས་དཔལ་ལྡན་ལྷུན་གྲུབ་སྟེང་དུ་བཞེངས་རྒྱུའི་ཐུགས་ཐག་བཅད་དེ་ཧོར་ཟླ་གཉིས་པའི་ཚེས་བཟང་ཉིན་རྨང་བཏིང༌། རྒྱལ་བའི་བཀའ་འགྱུར་མཚལ་པར་གསར་བཞེངས་ཀྱི་ལས་གྲྭ་དངོས་སུ་དབུ་ཚུགས།
སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་དངོས་ནས་ཞུ་དག་པའི་ཁུར་བཞེས་ནས་དཔེ་རྒྱུན་རྙིང་བ་ཁུངས་བཙུན་འགའ་ལ་དཔེ་བསྡུར་བྱས་ཏེ། རིག་པར་སྨྲ་བའི་བློ་ལྡན་དུ་མ་དང་ལྷན་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་༡༧༣༠ ལོའི་ཟླ་༢ པའི་ཚེས་༣ ཉིན་ཞུ་དག་བྱ་རྒྱུའི་དབུ་ཚུགས། པར་རྐོ་མཁན་ཆིག་སྟོང་ཙམ་གྱི་ནང་ནས་ཡང་དུ་ཕུལ་བྱུང་པར་རྐོ་བ་བཞི་བརྒྱ་གདམས་གསེས་བྱས་ཏེ་པར་རྐོ་རྒྱུའི་དབུ་བརྩམས། དེ་དག་གིས་ཀྱང་བདེ་ལས་དང་མགྱོགས་མ་ཙམ་མ་ཡིན་པར་མི་རེས་ཉིན་རེ་ལ་ལྡེབ་ངོས་རེ་ལས་རྐོ་མི་ཆོག་པའི་བཅའ་ཁྲིམས་བཞག་ནས་ཟབ་ཚད་ཀྱང་ངེས་པར་གཏན་ལ་ཕབ། ཆོས་རྒྱལ་གང་གི་རྟེན་བཀའ་འགྱུར་རོ་ཅོག་མཚལ་གྱི་པར་དུ་བཞེངས་གྲུབ་ནས། བཞུགས་སུ་གསོལ་བའི་བརྟེན་པ་གཙུག་ལག་ཁང་བཅས་ལེགས་པར་བསྐྲུན་ཏེ་དེང་གི་དུས་སུའང་གཟི་བྱིན་འབུམ་ཕྲག་འབར་བཞིན་བཞུགས་པ་དང༌། གཞན་ཡང་པར་ཤིང་དང་ཤོག་བུ། སྣག་ཚ་སོགས་བཟོ་མཁན་དང༌། ཞུ་དག་མཁན། བྲིས་མཁན། རྐོ་བཙུགས་མཁན། གཡོག་མཁན་བཅས་མི་གྲངས་བརྒྱ་ལ་ཉེ་བ་ནས་ལོ་གྲངས་ལྔའི་རིང་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་པོད་བརྒྱ་དང་གསུམ་ལེགས་བྱས་པར་དུ་བསྐྲུན་ཐུབ་པར་བྱུང༌། ཅེས་སྡེ་དགེ་པར་ཁང་སྐོར་གྱི་ལོ་རྒྱུས་འགྲེམས་སྟོན་གནང་འདུག
དུས་རབས་བཅོ་བརྒྱད་པའི་ནང་ཁམས་སྡེ་དགེའི་རྒྱལ་རབས་ལུགས་གཉིས་ཀྱི་བདག་པོ་མཁྱེན་སྤྱན་རབ་ཏུ་ཡངས་པའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་དུས་སུ་སྤྱི་ལོ༡༧༡༧ ལོར་སྡེ་དགེ་པར་ཁང་གསར་བསྐྲུན་གྱིས་པར་ཤིང་གི་ཕུད་རྒྱལ་བའི་བཀའ་འགྱུར་བཞེངས་པའི་ལེགས་བྱས་སུ་མདོ་སྔགས་རིག་པའི་འབྱུང་གནས་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བསྟན་པའི་བདག་ཉིད་ཀུན་མཁྱེན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་བོད་ཆོལ་གསུམ་གྱི་ཡིག་མཁན་པ་བཞི་བཅུ་ལྷག་གདན་ཞུས་ཏེ། དེ་དག་གི་ལེགས་ཆ་ རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་དབུ་ཅན་དང་དབུ་མེད་ཀྱི་གཙོས་རང་རྐང་ཐུབ་པའི་བྲིས་གཟུགས་སོགས་ད་ལྟའི་བར་དུ་བྱུང་བ་ལ་དོན་ཐོབ་ཀྱི་སྡེབ་བྲིས་དང་། ཡུལ་མི་གྱི་སྡེ་བྲིས་ཞེས་དེང་སང་ཡང་གློག་ཀླད་ནང་དུ་ཁྱད་ཆོས་འབུར་དུ་ཐོན་ནས་མཛེས་ཉམས་དང་བཅས་བཀོལ་དང་འཁོལ་བཞིན་ཡོད། ཞེས་བཀོད་འདུག
གཞན་ཡང་། ཕྱི་ཟླ་༥ ཚེས་༡ ཉིན། བཞུགས་སྒར་དྷ་རམ་སའི་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡།༠༠ ནས་ ༤།༣༠ བར། བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་བྲིས་རྩལ་སྐོར་གདན་ས་དཔལ་སྤུངས་ཤེས་རབ་གླིང་ནས་མི་མང་རྣམས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག