18
Sat, May

༢༠༡༩ལོའི་ཟླ་༢ཚེས་༨ཉིན་སྤེལ། རྒྱལ་སྤྱིའི་རང་དབང་ཁང་གིས་༢༠༡༩ལོའི་མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་ནས་བཏོན་པའི་སྙན་ཐོ་ནང་བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཡིན་པའི་རྒྱལ་ཁབ་དེ་ཡིན་པ་བཀོད་ཡོད་འདུག མི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་ཐད་ནས། སི་རི་ཡ་ལ་ཨང་ཀླད་ཀོར་སྤྲད་ཡོད་པ་དང་། བོད་ལ་ཨང་དང་པོ། ཡེ་རི་ཁྲི་ཡ་ལ་ཨང་གཉིས་པ། བྱང་ཀོ་རི་ཡ་ལ་ཨང་གསུམ་པ། རྒྱ་ནག་ལ་ཨང་༡༡་དང་རྒྱ་གར་ལ་ཨང་༧༥་བཅས་སྤྲད་འདུག

༢༠༡༩ལོའི་ཟླ་༡ཚེས་༣༡ཉིན། ཉི་ཧོང་དུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གིས་བོད་ནང་སྲིད་ཇུས་ཇི་ལྟར་ལག་བསྟར་བྱས་ནས་བོད་བཙན་འོག་ཏུ་བཟུང་བ་བཞིན་ད་ལྟར་རྒྱལ་ཁབ་དང་ཡུལ་གྲུ་ཁག་མང་པོ་ཞིག་གི་ནང་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཚོང་འབྲེལ་དང་ཤེས་ཡོན་སོགས་ཀྱི་ཐོག་ནས་གཞན་ལ་ཤུགས་རྐྱེན་ཐེབས་པར་བྱེད་བཞིན་ཡོད་པས་ཚང་མས་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

༢༠༡༩ལོའི་ཟླ་༡ཚེས་༢༡ཉིན། རྒྱ་ནག་གཞུང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ༢༠༡༨ལོའི་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་ནི་བརྒྱ་ཆའི༦.༦་ཡིན་འདུག་པ་དང་། དེ་ནི་༡༩༩༠ལོ་ནས་བཟུང་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དམའ་ཤོས་དེ་སླེབས་ཡོད་འདུག

༢༠༡༩ལོའི་ཟླ་༡ཚེས༡༥ཉིན། རྒྱ་ནག་གཞུང་གིས་རྒྱལ་ཁབ་སུས་ཐེ་ཝན་དེ་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱས་པ་ཡིན་ན། ཐེ་ཝན་ལ་སྲུང་སྐྱོབ་དང་། རྒྱ་ནག་གི་བདག་དབང་དང་གཅིག་སྒྲིལ་བཅས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱ་དམག་གིས་རྒོལ་ལན་སློག་ངེས་པ་དང་དམག་འཐབ་ཅི་ཡང་བེད་སྤྱོད་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

༢༠༡༩ལོའི་ཟླ་༡ ཚེས་༢༦ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ལ་ཐུག་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་དང་རྒྱ་ནག་ལ་བོད་རྒྱ་གྲོས་མོལ་ཡོང་བར་སྐུལ་མ་གནང་དགོས་པའི་ཉི་ཧོང་གཞུང་ལ་རེ་སྐུལ་ཞུས་གནང་འདུག

༢༠༡༩ལོའི་ཟླ༡་ཚེས་༡༧ཉིན། ཐེ་ཝན་གྱིས་རྒྱ་ནག་གི་ཉེན་བརྡ་དང་འཇིགས་སྐུལ་ལ་མགོ་མི་སྒུར་བ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱེད་པའི་རེ་འབོད་ཞུ་བཞིན་འདུག གཞན་ཡང་རྒྱ་ནག་སྲིད་འཛིན་གྱིས་ཐེ་ཝན་ལ་དམག་རྒྱག་སྲིད་པའི་འཇིགས་སྐུལ་བྱས་རྗེས། ཐེ་ཝན་གྱིས་གཟའ་ལྷག་པ་ཉིན་ཐེ་ཝན་ཤར་ཕྱོགས་ཀྱི་མཚོ་ཁ་ཞིག་ཏུ་དམག་ཆས་དངོས་སུ་བེད་སྤྱོད་བཏང་ནས་དམག་སྦྱོང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༩ལོའི་ཟླ་༡ཚེས་༡༡ཉིན། ཐེ་ཝན་དང་རྒྱ་ནག་གཉིས་བར་ཛ་དྲག་གནས་སྟངས་འབྱུང་བཞིན་པའི་སྐབས་འདིར། ཐེ་ཝན་སྲིད་འཛིན་ཚད་ཡི་ཝིང་གིས་མོ་རང་གི་ཕྱོགས་ཁག་ནས་ཡིན་པའི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སོ་ཚིང་ཁྲང་སྲིད་བློན་ལ་བསྐོ་བཞག་གནང་ཡོད་འདུག

More Articles ...

བོད་ཀྱི་ལོ་རྒྱུས་ཡིག་ཆ།