13
Wed, Nov

༸གོང་ས་མཆོག ཁེ་ཎ་ཌའི་སྲིད་བློན་ཇ་སུ་ཊིན།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡༠་ཚེས་༢༢་ཉིན། ཁེ་ཎ་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་ལས་ཐོག་སྐུ་ཞབས་ཇ་སུ་ཊིན་ཐུ་ཌེ(Justin Trudeau) མཆོག སླར་ཡང་། རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པར་༸གོང་ས་མཆོག་གིས་འཚམས་འཕྲིན་བསྩལ་ནས། དེའི་སྔ་བོད་མི་བཙན་བྱོལ་བ་སྐྱབས་བཅོལ་དུ་བཞེས་ཡོད་པར་ཁེ་ཎ་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཡང་། གོང་ཚེས་ཉིན། ཁེ་ཎ་ཌའི་༢༠༡༩་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་དུ། སྲིད་བློན་ཇ་སུ་ཊིན་ཐུ་ཌེ(Justin Trudeau) མཆོག་གིས་འགོ་ཁྲིད་པའི་ཁེ་ཎ་ཌའི་གུ་ཡངས་ཆབ་སྲིད་ཚོགས་པར་གྲོས་ཚོགས་ཀྱི་ནང་དུ་རྐུབ་སྟེགས་༣༣༨་ཡོད་པའི་ནང་ནས་རྐུབ་སྟེགས་༡༥༦་ཐོབ་ནས་སླར་ཡང་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་ཐེངས་གཉིས་པར་ཁེ་ཎ་ཌའི་སྲིད་བློན་བདམས་ཐོན་བྱུང་འདུག

སྲིད་བློན་ཇ་སུ་ཊིན་ཐུ་ཌེ་མཆོག་སླར་ཡང་སྲིད་བློན་བདམས་ཐོན་བྱུང་བའི་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་འདུག ༸གོང་ས་མཆོག་གི་འཚམས་འཕྲིན་གི་ནང་དུ་འཁོད་དོན། ཁེ་ཎ་ཌའི་སྲིད་གཞུང་གིས་འཁྲུག་རྩོད་ཡོད་སའི་འཛམ་གླིང་ས་ཁུལ་ཁག་ནས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་མཁན་བྲོས་བྱོལ་བའི་མི་རྣམས་ལ་སྙིང་རྗེས་ཀུན་ནས་བླངས་སྟེ། ཡུལ་མིའི་ཐོབ་ཐང་གནང་བའི་སྲིད་བྱུས་དེར་ངོས་ཀྱིས་གོ་སྐབས་འདི་བརྒྱུད་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད།

ངོས་རང་ཉིད་ལའང་ཁེ་ཎ་ཌའི་ཆེས་བསྟོད་མི་སེར་གྱི་ཐོབ་ཐང་གནང་ཡོད། ཁེ་ཎ་ཌའི་སྲིད་གཞུང་གིས་སྐྱབས་བཅོལ་བ་ཚོར་གནང་ཕྱོགས་དེས་ངོས་རང་སེམས་ནང་དགའ་སྤོབས་སྐྱེ་བཞིན་ཡོད། གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་དང་མཐུན་པ་ཞིག་ཀྱང་རེད། དེའི་སྔ། ངོས་རང་ཁེ་ཎ་ཌར་ཐེངས་མང་བསྐྱོད་སྐབས་ཡུལ་མི་ཚོས་མཛའ་བརྩེའི་རྣམ་འགྱུར་བསྟན་པ་དེས་སེམས་འགུལ་ཆེན་པོ་ཐེབས་བྱུང་།

ཕྱི་ལོ་ ༡༩༧༠ ལོ་འགོ་ཙམ་ནས་ཁེ་ཎ་ཌའི་གཞུང་གིས་འགན་ཁུར་རྐང་བཞེས་ཐོག བོད་མི་བཙན་བྱོལ་བ་ཁག་གཅིག་སྐྱབས་བཅོལ་དུ་བཞེས་ཡོད་སྟབས ངོས་ཀྱིས་ཁེ་ཎ་ཌའི་གཞུང་མང་གཉིས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་དེ་དག་གིས་མི་རིགས་དང་རིགས་གནས་སྣ་མང་འདུས་པའི་ཁེ་ཎ་ཌའི་རྒྱལ་ཁབ་ཀྱི་བདེ་དོན་ཐོག་ཞབས་འདེགས་རྒྱ་མི་ཆུང་བ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན། དེ་ནི་དགའ་ཚོར་སྐྱེ་གཞིར་གྱུར་ཡོད། ཅེས་འཁོད་འདུག

དེ་བཞིན། ༸གོང་ས་མཆོག་གིས་སྲིད་བློན་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་དང་། མི་མང་གི་མངོན་འདོད་རྣམས་འགེགས་མེད་ལྷུན་འགྲུབ་ཡོང་བའི་ཐུགས་སྨོན་རྒྱ་ཆེ་མཛད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།