26
Fri, Apr

ལྕམ་སྐུ་མཱ་དུ་རི་སན་ཏཱ་ནམ་སོན་དི་ Madhuri Santanam Sondhi མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་གིས་ལོ་རྒྱུས་རྫུན་བཟོ་དང་དྲིལ་བསྒྲགས་ལོག་པ་སྤེལ་བ་བརྒྱུད་གཞན་ས་ཧམ་བཟུང་བྱས་པ་དེ་དག་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་གྱི་བདག་དབང་ཐོབ་ཐབས་བྱེད་བཞིན་ཡོད་ལུགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་ཐོག་རྒྱ་གར་མཁས་པས་གསུངས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༨ཟླ་༤ཚེས་༢ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ “བོད་ཀྱི་རིག་གཞུང་དུས་སྟོན་ཐོག འཕགས་བོད་གཉིས་གནའ་དེང་གི་འབྲེལ་ལམ།” ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་སྐབས་ལྕམ་སྐུ་མཱ་དུ་རི་སན་ཏཱ་ནམ་སོན་དི་ Madhuri Santanam Sondhi མཆོག་གིས། “འཕགས་བོད་གཉིས་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་དེར་བོད་མི་ཚོས་ཧ་ཅང་གཙིགས་ཆེར་འཛིན་ཞིང་ ( བླ་སློབ་ཀྱི་འབྲེལ་བ། ) ཞེས་ངོས་འཛིན་བཞིན་ཡོད།

བར་ལམ་གནས་སྟངས་འོག་འཕགས་བོད་གཉིས་དབར་གནས་མཇལ་གྱི་འབྲེལ་ལམ་ཕུད་རིག་གནས་དང་ཤེས་ཡོན་གྱི་འབྲེལ་བར་དོ་ཕོག་བྱུང་ཡོད་ནའང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་ྋཞབས་སོར་འཁོད་མཚམས་སླར་ཡང་ཆོས་དང་རིག་གཞུང་གི་འབྲེལ་བ་དེ་དག་སླར་གསོ་ཐུབ་པ་མ་ཟད།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གསོལ་སྩལ་མཛད་པའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་མཚོན་ནའང་ཁྲིམས་བཟོ་དང་འཛིན་སྐྱོང༌། ཁྲིམས་ཞིབ་ཁང་བཅས་རྒྱ་གར་གྱི་ལམ་ལུགས་ནས་དཔེ་བླངས་པ་ཞིག་ཡིན་སྟབས་འཕགས་བོད་གཉིས་ཀྱི་དེང་རབས་ཀྱི་འབྲེལ་བར་མཚོན་ནའང་སྔར་བས་དམ་ཟབ་ཕྱིན་ཡོད། ད་ཆ་རྒྱ་གར་ནང་གི་བཙན་བྱོལ་བོད་མི་མི་རབས་གསུམ་པ་འཚར་ལོངས་བྱེད་བཞིན་ཡོད། གུས་མོའི་བཟའ་ཟླ་དམ་པས་ M. L. Sondhi གསུང་པ་ལྟར་ན།

“འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་ནས་ཐོག་མར་འགོ་བརྩམ་པ་ཞིག་དང༌། བཙན་བྱོལ་བའི་གནས་སྟངས་འོག་གི་འབྲེལ་བ་ཙམ་མིན་པར་དེ་ལས་བརྒལ་ཏེ་འགྲོ་བ་མིའི་ཐོབ་ཐང་དང༌། རྒྱལ་སྤྱིའི་བརྟན་ལྷིང༌། ནང་ཆོས། ཧི་མཱ་ལ་ཡི་ཁོར་ཡུག གཙང་ཆུ། མཚོན་ཆ་སྤང་བ། དེ་བཞིན་བོད་རྒྱའི་འབྲེལ་ལམ་གྱི་གནད་དོན་སོགས་འཕགས་བོད་འབྲེལ་བའི་ནང་ཚུད་ཡོད། འབྲེལ་ལམ་དེ་དག་དུས་རྟག་ཏུ་གཞུང་འབྲེལ་བརྒྱུད་ལམ་ཞིག་བརྒྱུད་དགོས་པ་དེ་འདྲ་མིན། ད་ལྟའི་གནས་སྟངས་ལ་འགྱུར་བ་འགྲོ་སྐབས་འབྲེལ་ལམ་གྱི་རྣམ་པར་ཡང་འཕེལ་འགྲིབ་སྣ་ཚོགས་ཤིག་ཡོང་བཞིན་ཡོད། འོན་ཀྱང་གོང་གི་གནད་དོན་རྣམས་འཕགས་བོད་ཕྱོགས་གཉིས་ཀས་སེམས་འཚབ་བྱེད་ས་ཞིག་ཡིན། ” ཞེས་གསུངས་ཡོད།

དེ་རིང་སྲུང་བརྩི་ཞུ་བཞིན་པའི་ཉིན་མོ་འདིར་དྲི་བ་ཞིག་རང་བཞིན་གྱིས་སླེབ་བཞིན་ཡོད་པ་ནི། འབྱུང་འགྱུར་ང་ཚོས་གོམ་པ་ཇི་འདྲ་ཞིག་སྤོ་དགོས་སམ། ཞེས་པ་འདི་ཡིན། ད་ལྟའི་འཆར་བོད་ཀྱི་གནད་དོན་གསལ་རྒྱུའི་ཐབས་ལམ་ཉག་ཅིག་ནི་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པ་དེ་ཡིན། འདི་ནི་སྐབས་བབ་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན།

སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་གོ་སྒྲིག་གནང་ཡོད། འཆར་སྣང་དེ་ནི་ྋགོང་ས་མཆོག་གིས་ “རེ་བ་བཟང་ས་ནས་རྒྱབ་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་” པའི་བཀའ་སློབ་ལུང་འདྲེན་གནང་ནས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་འོག་བོད་མིའི་མངོན་འདོད་སྒྲུབ་རྒྱུ་དང༌། བོད་ལ་རང་དབང་སླར་གསོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ལོ་ལྔ་བཅུའི་རིང་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་ཀྱང་གྲ་སྒྲིག་ཐུབ་ཆེད་ཡིན་སྐོར་གསུངས།

ཕྱོགས་གང་ནས་ལྟས་ཀྱང་ད་ལྟའི་འཆར་རྒྱ་ནག་གི་སྲིད་བྱུས་འཛིན་སྟངས་དེར་འཕགས་བོད་གཉིས་ཀས་གཟབ་དྲུང་ངང་གདོང་ལེན་བྱེད་དགོས་པ་ཆགས་ཡོད།

དེང་སྐབས་རྒྱ་ནག་གཞུང་གིས་བོད་དང་ཐེ་ཝན་ལས་བརྒལ་ཏེ་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་དཔུང་འཇུག་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ངོམས་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་ས་ཐོབ་ཐབས་བྱེད་བཞིན་པའི་ཁར་དབུས་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་བརྒྱུད་ནས་རྒྱ་གར་རྒྱ་མཚོ་དང༌། གླིང་ཆེན་ཨབ་ཕི་རི་ཀའི་ནང་དུའང་དབང་ཤུགས་སྙོབ་ཐབས་བྱེད་བཞིན་ཡོད། རྒྱ་ནག་རྒྱ་སྐྱེད་ཀྱི་བྱེད་བབ་དེར་རྒྱུ་མཚན་ཁུངས་ལྡན་ཞིག་དང༌། བདེན་རྒྱབ་ཐོབ་ཆེད་རྒྱ་ནག་གཞུང་གིས་ལོ་རྒྱུས་ཚུན་ཆད་རྫུན་བཟོ་བྱེད་བཞིན་ཡོད།

ངས་འདིར་དྲག་པོའི་སྟོབས་ཤུགས་སྐོར་ཞུ་རྒྱུ་མིན། དེ་ལས་ལྡོག་སྟེ་འཇམ་པོའི་སྟོབས་ཤུགས་སྐོར་ཕྲན་བུ་ཞུ་རྒྱུ་ཡིན། སྟོབས་ཤུགས་དེ་བརྒྱུད་ནུབ་ཕྱོགས་པས་རྒྱ་ནག་ནང་དུ་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཐོབ་ཐང༌། ཆོས་དད་རང་དབང་གོང་འཕེལ་གཏོང་ཐབས་བྱས་དང་བྱེད་མུས་ཡིན། རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་ཧ་ཅང་མང་པོ་ཡོད་པ་མ་ཟད། ནང་པའང་མང་པོ་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལྟར་ན་དེང་སྐབས་རྒྱ་ནག་ནང་དུ་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་རྒྱ་རིགས་ནང་པ་ས་ཡ་ ༢༠ ཡོད། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་སྐབས་རྒྱ་རིགས་ནང་པ་དེ་དག་བོད་རྒྱ་འབྲེལ་མོལ་ཐོག་ཕན་གནོད་གཉིས་ཀ་ཡོད་ཆོག་པ་ཞིག་རེད།

དེ་སྔ་ཨུ་རུ་སུ་དམར་པོའི་རིང་ལུགས་མགོ་རྟིང་སློག་པ་རེད། སྐབས་དེར་ཆོད་དད་དང༌། རྒྱལ་སྤྱིའི་དམ་བསྒྲགས་རྟོགས་ཞིབ་སྙན་ཐོ། Index on Censorship ཡུ་རོབ་རང་དབང་རླུང་འཕྲིན་ཁང་ Radio Free Europe དང༌། ཨ་རིའི་རླུང་འཕྲིན་ཁང༌། VOA དེ་བཞིན་སྐབས་དེར་ཨུ་རུ་སུ་དམར་པོའི་སྲིད་གཞུང་གིས་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པའི་ཆེད་རྩོམ་ཡིག་ཆ་སོགས་ཀྱིས་ཡུལ་དེའི་དམར་ཤོག་རིང་ལུགས་མགོ་རྟོང་སློག་རྒྱུར་ཤུགས་རྐྱེན་ཧ་ཅང་སྤྲད་ཡོད་པ་དེ་རྒྱ་ནག་གཞུང་གིས་གསལ་པོར་ཤེས་བཞིན་ཡོད།

དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ལ་ཁག་དཀྲི་བྱས་ནས་ཚོགས་པ་སྒྲིག་འཛུགས་ཁག་ལ་དམ་བསྒྲགས་ཤུགས་ཆེ་དང༌། ཕྱི་ནས་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་དང་ཡིག་འབྲེལ་སོགས་ལའང་དམ་བསྒྲགས་ཤུགས་ཆེ་བྱས་པ་བརྒྱུད་ཕྱི་ནང་གཉིས་ནས་འཇམ་པོའི་སྟོབས་ཤུགས་ལ་གདོང་ལེན་བྱེད་བཞིན་ཡོད།

དེ་ན་ང་ཚོས་འཇམ་པོའི་སྟོབས་ཤུགས་དེ་རེ་བ་མེད་པ་ཞིག་ལ་བརྩི་ནས་ཐབས་ལམ་དེ་དོར་དགོས་སམ་ཞེས་ན། དེ་ནི་རྩ་བ་ནས་མ་རེད། འོན་ཀྱང་བོད་མི་བཙན་བྱོལ་བ་རྣམས་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་ད་ཆ་ཐབས་ལམ་གསར་པ་ཞིག་ཐོག་བསམ་བློ་གཏོང་དགོས།

གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་བྱུང་རྗེས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱ་རིགས་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་དམིགས་ནས་ཆེད་མངགས་རྒྱལ་ཞེན་གྱི་སློབ་གསོ་དང༌། ཕྱི་མིར་འཁོན་འཛིན་གྱི་བསམ་བློ་ཤུགས་ཆེ་རུ་བཏང་བ། དེ་བཞིན་དེ་སྔ་ཕྱི་རྒྱལ་བ་ཚོས་རྒྱ་ནག་ནང་དབང་སྒྱུར་འོག་རྒྱ་མི་རིགས་ལ་གཉའ་གནོན་དང་མཐོང་ཆུང་ཁྱད་གསོད་ཇི་ཙམ་བྱས་པའི་སྐོར་སོགས་དྲིལ་བསྒྲགས་ལས་འགུལ་བསྟུད་མར་སྤེལ་བ་མ་ཟད། ཕྱི་སྡོད་རྒྱ་རིགས་ཀྱི་ནུས་པ་བསྒྲིལ་ནས་དྲིལ་བསྒྲགས་ཀྱི་དམག་རྒྱག་བཞིན་ཡོད།

རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ལོ་རྒྱུས་དང་བྱེད་བབ་འགའ་ཤས་རྒྱལ་སྤྱིའི་གནས་ཚད་ཐོག་ནས་ལྟ་སྐབས་ཡང་དག་པ་ཞིག་དང་རྒྱུ་མཚན་ལྡན་པ་ཞིག་རྩ་བ་ནས་མིན་པ་ཤེས་རྟོགས་བྱུང་སྐབས་ཐོག་མའི་འཆར་ཚང་མ་ཧང་སང་བ་དང་ཐེ་ཚོམ་སྐྱེ་དགོས་པ་བྱུང༌།

འོན་ཀྱང་ད་ཆ་རྒྱ་ནག་གཞུང་གི་ཐབས་བྱུས་གསར་པ་དེར་གདོང་ལེན་བྱ་རྒྱུའི་ལངས་ཕྱོགས་གསར་པ་ཞིག་མངོན་བཞིན་ཡོད་པ་ནི་ཨ་རིའི་ཆབ་སྲིད་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཇོ་སེབ་ནེ་ཡེ་Joseph Nye ལགས་ཀྱིས། “དེང་སྐབས་རྒྱ་ནག་དང་ཨུ་རུ་སུ་གཅིག་བསྡུས་དབང་འཛིན་པ་ཚོས་རྒྱལ་སྤྱིའི་ཐོག་བརྡ་འཕྲིན་གྱི་དུས་སྐབས་དེ་གོ་སྐབས་བཟུང་ནས་དྲིལ་བསྒྲགས་ལས་འགུལ་གྱི་སྟོབས་ཤུགས་གསར་པ་ “Sharp power” བཀོལ་སྤྱོད་བྱེད་བཞིན་པ་དེར་ཝ་ཤིང་ཊོན་སྲིད་གཞུང་གིས་གདོང་ལེན་བྱེད་བཞིན་ཡོད།” ཅེས་གསུངས།

ལོ་ངོ་བཅུ་ཕྲག་རིང་པེ་ཅིང་དང་ཨུ་རུ་སུ་སྲིད་གཞུང་གཉིས་ཀྱིས་དངུལ་སྒོར་ཐེར་འབུམ་མང་པོ་འགྲོ་སོང་བཏང་ནས་རྒྱལ་ནང་དུ་དམ་བསྒྲགས་དང༌། ཕྱི་རྒྱལ་དུ་མང་གཙོའི་ཁོར་ཡུག་བཅས་དམ་བསྒྲགས་དང་རང་དབང་དངོས་འགལ་གྱི་ཁོར་ཡུག་གཉིས་ཀ་བེད་སྤྱོད་བྱས་ནས་རྒྱལ་སྤྱིའི་ཁྱོན་དུ་མིའི་ལུས་ངག་ཙམ་མ་ཟད། བསམ་བློའི་འདུ་ཤེས་ཀྱི་འཛིན་སྟངས་ལའང་ཤུགས་རྐྱེན་ཧ་ཅང་སྤྲད་ཡོད།

ཨ་རིར་མཚོན་ན་ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུ་གཞུང་གིས་ཐེ་བྱུས་གང་འདྲ་བྱས་མིན་ཐོག་ད་ལྟ་དཔྱད་ཞིབ་བྱེད་བཞིན་ཡོད་པ་མ་ཟད། ཨ་རིའི་གསར་ཤོག་སོགས་ཡིག་ཆ་འགྲེམས་སྤེལ་དང༌། གློག་བརྙན། དེ་བཞིན་འཛིན་ཁང་ཚུན་ཆད་ནང་དུའང་རྒྱ་ནག་གིས་ཤུགས་རྐྱེན་སྤྲད་པ་དེ་དག་ཐོག་ད་ཆ་ཞིབ་རྩད་བྱེད་མུས་ཡིན།

རྒྱ་ནག་གཞུང་གིས་དམག་གསར་པ་དེ་རྒྱག་སྐབས་ཐོག་མར་རྒྱལ་ཁབ་བྱེ་བྲག་པ་གཅིག་ལ་མིག་འཛུགས་བྱས། དེ་ནས་ཡུལ་དེའི་ཆབ་སྲིད་ཀྱི་ཁོར་ཡུག་དང༌། དྲིལ་བསྒྲགས་ཚན་པ་སོགས་ལ་དངུལ་དངོས་ཧ་ཅང་ཕོན་ཆེ་སྤྲད་པ་བརྒྱུད་དྲིལ་བསྒྲགས་སྤེལ་སྟངས་ཐོག་གནོན་ཤུགས་སྤྲོད་བཞིན་ཡོད། བྱེད་བབ་དེའང་ཧ་ཅང་ཐབས་མཁས་པོ་དང་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་བརྟེན། ཨ་རིས་གཙོས་མང་གཙོའི་རྒྱལ་ཁབ་ཚོས་དེ་སྔའི་འཇམ་པོའི་སྟོབས་ཤུགས་ཀྱི་ཐབས་ལམ་ཐོག་ནས་གཅིག་བསྡུས་དབང་འཛིན་པར་གདོང་ལེན་བྱ་རྒྱུའི་སྲིད་བྱུས་དེར་ད་ཆ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་ཨ་རིའི་ཉམས་ཞིབ་པ་ཁག་གཅིག་གིས་བརྗོད་ཡོད།

ཨོ་གླིང་ནང་དུ་མཚོན་ནའང་རྒྱ་ནག་གཞུང་ཚབ་ཁང་གིས་ཨོ་གླིང་གི་མཐོ་སློབ་ཁག་གི་ནང་ཞལ་འདེབས་ཡིན་ཁུལ་བྱས་ནས་དངུལ་ཧ་ཅང་ཕོན་ཆེ་སྤྲད་པ་མ་ཟད། ཡུལ་དེའི་མི་འབོར་བརྒྱ་ཆ་ ༥.༦% ལོང་བའི་རྒྱ་མི་རིགས་རྣམས་བརྒྱུད་མཐོ་སློབ་དང་གསར་འགྱུར་བརྒྱུད་ལམ་སོགས་ལའང་ཤུགས་རྐྱེན་ཧ་ཅང་སྤྲོད་ཐབས་བྱེད་བཞིན་ཡོད་པ་ཨོ་གླིང་མཐོ་སློབ་Charles Sturt University ཀྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཀ་ལ་ཡེབ་ཧེ་མིལ་ཊོན་ Prof. Clive Hamilton ལགས་ཀྱིས་བརྩམས་པའི་ Silent Invasion:China`s influence in Australia ཞེས་རྒྱ་ནག་གཞུང་གིས་ཨོ་གླིང་ནང་སིམ་འཛུལ་བྱེད་བཞིན་པའི་སྐོར་གྱི་དེབ་དེའི་ནང་ཞིབ་ཕྲ་བཀོད་འདུག

ཨོ་གླིང་ཡུལ་གྱི་དཔེ་དེབ་འགྲེམས་སྤེལ་ཁང་Allen & Unwin ཞེས་པ་དེས་ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་ཀ་ལེབ་ཧེ་མིལ་ཊོན་ Prof. Clive Hamilton ལགས་ཀྱིས་བརྩམས་པའི་དཔེ་དེབ་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང༌། ཕྱིས་སུ་པེ་ཅིང་གཞུང་དང་ཨོ་གླིང་རྒྱ་རིགས་ཚོས་འཁོན་ལེན་སློག་རྒྱུར་བསྙད་ནས་ཁོང་གི་དཔེ་དེབ་འགྲེམས་སྤེལ་བྱ་རྒྱུ་མིན་ཚུལ་བཤད་ནས་རྒྱབ་སྐྱོར་ཕྱིར་འཐེན་བྱས་འདུག དེ་ནི་རྒྱ་ནག་གཞུང་གི་སྟོབས་ཤུགས་གསར་པ་ “Sharp power” ཞེས་པ་དེའི་གྲུབ་འབྲས་ཤིག་རེད།

དེ་ཡང་སྐུ་ཞབས་ཀ་ལེབ་ཧེ་མིལ་ཊོན་ Prof. Clive Hamilton ལགས་ཀྱིས་བརྩམས་པའི་དེབ་ Silent Invasion:China`s influence in Australia ཞེས་པའི་ནང༌།

“ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཨོ་གླིང་གི་གྲོས་ཚོགས་ནང་གཏམ་བཤད་བྱེད་དོན། རྒྱ་མི་རིགས་ཚོ་ནི་ཨོ་གླིང་མང་ཚོགས་རྣམས་དང་སེམས་ཐག་ཧ་ཅང་ཉེས་པོ་ཡོད། ཕྱི་ལོ་ ༡༤༢༠ ནང་མིང་རྒྱལ་རྒྱུད་ Ming dynasty ཀྱིས་རྒྱ་ནག་གི་སྲིད་དབང་འཛིན་སྐབས་རྒྱ་ནག་གི་མཚོ་གྲུ་ཨོ་གླིང་མཚོ་མཐར་བསླེབས་མྱོང་ཡོད། དེ་རྗེས་ལོ་ངོ་བརྒྱ་ཕྲག་རིང་རྒྱ་མི་རིགས་ཚོས་མཚོ་གྲུ་བཏང་ནས་རིམ་བཞིན་ལྷོ་ཕྱོགས་ས་ཁུལ་ལམ་དེང་སྐབས་ཨོ་གླིང་ཞེས་གྲགས་པ་དེར་མཚོ་ལམ་བཅད་ནས་གཞིས་ཆགས། རིམ་བཞིན་ས་གནས་ཡུལ་མི་དང་ལྷན་མཐུན་ཞིབ་འཚོ་གནས་བྱས་པ་མ་ཟད། རྒྱ་ནག་གི་རིག་གཞུང་དར་འཕེལ་ཙམ་མ་ཟད། ཨོ་གླིང་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གཞུང་སྣ་མང་མཉམ་གནས་བྱེད་བཞིན་པའི་སྤྱི་ཚོགས་འདི་ཡར་རྒྱས་ཀྱི་གོམ་པ་མདུན་སྤོ་བྱ་རྒྱུའི་ཐད་རྒྱ་རིགས་ཚོས་རམ་འདེགས་ཞུས་ཡོད། ” ཅེས་གཏམ་བཤད་སྤེལ་བ་དེབ་དེའི་ནང་འཁོད་འདུག

ཕྱོགས་མཚུངས་རྩོད་གཞི་ཅན་གྱི་ཨིན་ཇིའི་རྩོམ་པ་པོ་གྷེ་ཝིན་མེན་ཛེ་སི་ Gavin Menzies ཟེར་བ་དེས་བརྩམས་པའི་ “༡༤༢༡ རྒྱ་ནག་གིས་གསར་རྙེད་བྱས་པའི་འཛམ་གླིང༌། ” ཟེར་བའི་དེབ་དེའི་ནང་ “རྒྱ་ནག་གི་མཚོ་དམག་དཔོན་པོ་ཊུ་མན་ Zhu Man གྱིས་གྷི་རིན་ལེནྜི་ Green Land དང་ལྷོ་སྣེ། Antarctica དེ་བཞིན་ཨ་མེ་རི་ཀ་བཅས་ཀྱི་ནང་ཆེས་ཐོག་མར་བསྐྱོད་ཡོད། ” བཅས་གྷེ་ཝིན་མེན་ཛེ་སིས་ཁ་ཚོན་བཅད་ནས་བྲིས་ཡོད།

དེ་ནི་ཡོངས་གྲགས་ལོ་རྒྱུས་དང་མི་མཐུན་ཞིང༌། ཡོངས་གྲགས་ལྟར་ན་ཨ་མེ་རི་ཀར་ཆེས་ཐོག་མ་བསྐྱོད་མཁན་ཀོ་ལམ་བྷ་སི་ Columbus ཡིན་པ་ལས་རྒྱ་རིགས་མཚོ་དམག་དཔོན་པོ་ཊུ་ Zhu Man ཟེར་བ་མིན། འོན་ཀྱང་གྷེ་ཝིན་མེན་ཛེ་སིས་Gavin Menziesདེབ་ནང་འཁོད་པ་ལྟར་ན། ཀོ་ལམ་བྷ་སི་ Columbus ཨ་རིར་མ་བསླེབ་གོང་ཆེས་སྔ་མོ་ནས་རྒྱ་ནག་གི་མཚོ་དམག་དཔོན་པོ་ཊུ་མན་Zhu Manཟེར་བ་བསླེབས་ཟིན་པ་མ་ཟད། ནིའུ་སའོཐི་ཝེལ་སི་ New South Wales ས་གནས་སུ་ཆེས་ཐོག་མར་བསྐྱོད་མཁན་ཡོངས་གྲགས་ཨིན་ཇིའི་གྲུ་དཔོན་ཀུག་ Captain Cook ཡིན་ཡང་གྷེ་ཝིན་མེན་ཛེ་སིས་Gavin Menzies ཟེར་བ་ལྟར་ན། ཨིན་ཇིའི་གྲུ་དཔོན་ཀུག་ Captain Cook ལས་ཆེས་སྔ་བར་རྒྱ་མིའི་མཚོ་དམག་དཔོན་པོ་ཊུ་ཟེར་བ་དེ་ནིའུ་སའོཐི་ཝེལ་སི་ New South Wales ས་གནས་སུ་བསྐྱོད་པར་ཐལ་བ་སོགས་ཧ་ཅང་ཐལ་ཆ་ཆེ་བའི་གནས་ཚུལ་དེབ་དེའི་ནང་བྲིས་ཡོད།

སྤྱིར་སྐད་ཆ་དེ་དག་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱང་རྒྱ་ནག་གཞུང་གིས་གཞན་ས་ཧམ་བཟུང་བྱ་ཆེད་རྫུན་གཏམ་དེ་དག་ཆེད་མངགས་བདེན་པ་དག་སྐྱེལ་བྱ་རྒྱུར་ཨུ་ཚུགས་མཐའ་སྐྱལ་བྱ་རྒྱུ་ཡིན་པ་བོད་མི་ཚོར་ཤེས་གསལ་རེད་བསམ་པ་དྲན་བཞིན་འདུག

ཉེ་ལམ་ལ་མཚོན་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་ International Court of Justice གི་དཔང་རྟགས་ཡིག་ཆར་བརྩི་མེད་རྡོག་རོལ་བཏང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བཤད་པ་ཙམ་མ་ཟད། རྒྱུ་མཚན་དེའང་དེ་སྔ་ཁུལ་དེར་རྒྱ་རིགས་མཚོ་དམག་དཔོན་པོ་ཊེ་ Zhe ཟེར་བའི་མཚོ་གྲུ་བསླེབས་ཚུལ་ཤོད་བཞིན་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Xi Jinping གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ Donald Trump ལ་བཤད་དོན། “སྐབས་ཤིག་ལ་ཀོ་རི་ཡ་ Korea རྒྱ་ནག་གི་མངའ་ཁོངས་རེད།” ཅེས་བཤད།

རྒྱུ་མཚན་ལྟར་སྣང་དེ་མཚུངས་བཀོད་ནས་རྒྱ་ནག་གིས་བོད་ས་དབང་སྒྱུར་བྱས་ཡོད། སྐབས་དེར་རྒྱ་ནག་གིས་བོད་ནང་ཕྱི་རྒྱལ་སྲིད་གཞུང་གིས་ངན་བྱུས་གཤོམ་བཞིན་ཡོད་པར་སྙེད་ཡོད། འོན་ཀྱང་དོན་དངོས་སྐབས་དེར་བོད་ནང་ཕྱི་རྒྱལ་མི་ ༤ ལས་མེད། རླུང་འཕྲིན་ལས་བྱེད་རི་ཆཌ་ཕོཌ་ Richard Ford ལགས་དང༌། ཨོ་སི་ཊི་རི་ཡེ་ Austrian རི་འཛེགས་པ་གཉིས། ལྷ་སར་བཅའ་སྡོད་ཨིན་ཇིའི་དབང་འོག་ཏུ་ཡོད་པའི་རྒྱ་གར་གཞུང་གི་སྐུ་ཚབ་ཧུ་རི་ཆ་ཌི་སན་ Hugh Richardson ལགས་བཅས་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་རྩོམ་པ་པོ་ཨེ་ལོ་ཡེ་ཊི་སི་པར་ལིང་ Elliott Sperling དམ་པ་ཁོང་གིས་

“བོད་དེ་ཆིང་རྒྱལ་རབས་སྐབས་ནས་རྒྱ་ནག་གི་ཆ་ཤས་རེད། ཟེར་བ་དེར་དཔྱད་སྐབས་རྒྱ་ནག་རང་ཉིད་སྐབས་དེར་མན་ཇུ་གོང་མའི་ Great Manchu Qing Empire མངའ་འོག་གི་རྒྱལ་ཕྲན་ཞིག་ཆགས་ཡོད། རྒྱུ་མཚན་དེ་ལྟར་ན་འབར་མའང་ Burma རྒྱ་གར་གྱི་མངའ་ཁོངས་ཆགས་རྒྱུ་རེད། གང་ཡིན་བརྗོད་ན་སྐབས་ཤིག་འབར་མ་ཨིན་ཇིའི་དབང་སྒྱུར་འོག་གནས་པའི་ཕྱིར། ” ཞེས་རིག་པ་བཀོད་ཡོད།

རྒྱ་ནག་གཞུང་གིས་ཀོ་རི་ཡ་ནས་འབྲོག་ལམ་དང༌། ཨོ་སི་ཊོ་ལི་ཡ་བཅས་པར་དངོས་བརྒྱུད་གཉིས་ནས་བདག་དབང་ཡོད་ཚུལ་སྒྲུབ་བཞིན་ཡོད། ༼ད་བར་ཨ་རི་ America དང་གྷི་རིན་ལེནྜི་ Greenland ས་ཁུལ་ལ་རྒྱ་ནག་གཞུང་གིས་བདག་དབང་ཡོད་ཚུལ་བཤད་མེད།༽ རྒྱ་ནག་གཞུང་གི་རྒྱུ་མཚན་དེ་དག་ཕྱོགས་གཅིག་རྐྱང་པའི་ལོ་རྒྱུས་འགོད་བཞིན་པའམ་ཡང་ན་ལོ་རྒྱུས་རྫུན་བཟོ་བྱས་པ་བརྒྱུད་ནས་ས་ཁུལ་དེ་དག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བདག་དབང་ཐོབ་ཐབས་བྱེད་བཞིན་ཡོད།

མཐའ་དོན་ངས་བསམ་པར་འཕགས་བོད་ཀྱི་མཁས་པ་ཚོས་རྒྱལ་སྤྱིའི་མཁས་པ་རྣམས་དང་ལྷན་མཉམ་རུབ་ཐོག་ནས་རྒྱ་ནག་གིས་གྲངས་པའི་ལོ་རྒྱུས་གསར་བཟོ་དང་འཁྱོག་བཤད་བྱེད་བཞིན་པ་དེ་དག་ལ་དཔྱད་པ་བྱས་ནས་རྒྱལ་སྤྱིའི་གནས་ཚད་མུ་མཐུད་སྲུང་སྐྱོབ་ཐུབ་དགོས། ཞེས་སོགས་གསུངས། །