26
Fri, Apr

བཀྲ་ཤིས་དབང་ཕྱུག་ལགས་དང་དགེ་འདུན་པ་ཆོས་སྐྱིད་ལགས། ཡོ་རོབ་གྲོས་ཚོགས་ཀྱི་རྟགས། པར་གྱི་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་དྲ་བ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༢༢ ཉིན་སྤེལ། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐོར་ཡོ་རོབ་གྲོས་ཚོགས་ནང་གླེང་མོལ་བྱུང་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་འཁོད་པར། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ཉིན་ཡོ་རོབ་གྲོས་ཚོགས་ནང་ཛ་དྲག་གི་གྲོས་ཆོད་བཏོན་པ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་དགོས་པ་དང་། དེའི་ཆེད་རྒྱ་ནག་གཞུང་ནས་མགྱོགས་མྱུར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག

གོང་གི་གྲོས་ཆོད་དེ་དག་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཁྲིམས་སྒྲིག་དོན་ཚན་ ༢༨ ནང་གསལ་དང་། དམིགས་བསལ་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ཁྲིམས་སྒྲིག་དོན་ཚན་ ༧ ནང་གསལ་ལྟར་གྲོས་ཆོད་བཏོན་པ་ཞིག་ཡིན་འདུག

དེར་བརྟེན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་གྲོས་ཚོགས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སླད་དུས་རྟག་ཏུ་བཞེངས་ཕྱོགས་བརྟན་བཟུང་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་འབྲེལ་ཡོད་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་བརྒྱུད་ཐུགས་རྗེ་ཆེ་ཞུས་འདུག

དེ་ཡང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཏོན་པ་ཁག་གཅིག་གཤམ་གསལ། “བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ནེའུ་ཡོག་དུས་བབ་གསར་ཁང་གི་བརྙན་ཐུང་ཞིག་སྤེལ་བ་བརྒྱུད་རང་གི་ཕ་སྐད་སྦྱང་རྒྱུའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་པ་ལས་བོད་རང་བཙན་རྩོད་ཀྱི་མེད་པ་བརྗོད་ཡོད། འོན་ཀྱང་བརྙན་ཐུང་དེ་ཕྱི་ལ་ཐོན་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་ཡོད།” ཅེས་དང་།

 “ཕྱོགས་མཚུངས་ ༢༠༡༥ ལོར་ཟི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་གི་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་བརྟེན་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་སྟེ་ད་ལྟ་ཟི་ཁྲོན་ཞིང་ཆེན་གྱི་མིན་ཡཱང་བཙོན་ཁང་ནང་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད།  གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་གྲྭ་ཆོས་སྐྱིད་ལགས་བཙོན་འཇུག་བྱས་པར་བརྟེན། ཁོང་ལ་མཁལ་མ་དང་མཁྲིས་ནད་ཀྱི་ན་ཚ་བྱུང་ཡོད་པ་མ་ཟད། ན་ཚ་གཞན་ཁག་གཅིག་བྱུང་ཡོད། ” ཅེས་སོགས་གྲོས་ཆོད་ནང་འཁོད་འདུག།