04
Tue, Aug

༢༠༢༠་ལོའི་ཟླ་༥་ཚེས་༢༩ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༢༩་ཉིན། ༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྐབས། མི་སེམས་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པར་གལ་ཆེན་པོ་རེད། དེ་ལྟར་བྱས་ན་དངོས་འབྲེལ་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་ཡོང་གི་རེད་ཅེས་བཀའ་བསྩལ།

དེ་ཡང་། བཞུགས་སྒར་རྡ་ས་༸རྒྱལ་བའི་ཕོ་བྲང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་མཛད་དེ་སྔོན་འགྲོའི་ཆོས་འབྲེལ་གྱི་བཀའ་སློབ་སྩལ་དོན། ད་རེས་དོན་གཉེར་ཅན་མང་པོ་ཞིག་གིས་སྤྱན་རས་གཟིགས་ཀྱི་དབང་ཆེན་ཞིག་བྱུང་ན་ཞེས་སྐུལ་མ་ཡོང་གི་འདུག དེར་བརྟེན་དེ་རིང་དྲ་རྒྱ་བརྒྱུད་ནས་དབང་བྱ་རྒྱུ་ཡིན།

འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་ཡིན་སྟབས། ཆོས་ཁས་ལེན་མཁན་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ལ་སྨོན་ལམ་བརྒྱབ་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་པ་བགྲང་རྒྱུ་བྱུང་བ་ཡིན་ན། སྙིང་རྗེའི་བློ་གོང་ནས་གོང་དུ་འཕེལ་རྒྱུར་ཕན་ཐོགས་ཡོད་པ་རེད། དེར་བརྟེན་དེ་རིང་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱེད་རྒྱུའི་དགོས་པ་རྒྱུ་མཚན་གཙོ་བོ་འདི་རེད།

དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་དབང་ཆེན་དྲ་རྒྱ་བརྒྱུད་ནས་བྱས་པ་ཡིན། གང་ལྟར་ངོས་ཀྱིས་བོད་ནང་དུ་ཡོད་པའི་བོད་མི་རྒྱ་ཆེའི་མི་མང་ཚོར་དྲ་རྒྱའི་ལམ་ནས་དབང་བསྐུར་རྒྱུར་དམིགས་པ་དང་། ཕར་ཕྱོགས་ནས་མོས་པ་བྱས་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་རྒྱུ་བྱུང་། རྣལ་འབྱོར་བླ་མེད་ཀྱི་དབང་དེ་ཚོའི་གྲས་ནི་ཕྱག་ལེན་ཕྲན་བུ་དོ་དམ་པའི་བཟོ་འདྲ་ཞིག་རེད། གཉིས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོག་ལ་སྔགས་ཀྱི་སྡོམ་པ་ཡོད་པ་རེད། རྩ་ལྟུང་བཅུ་བཞི་སྲུང་དགོས་པ་ཆགས་ཡོད། གནས་མཆོག་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་སྐོར་གྱི་སྔོན་འགྲོར་སློབ་མ་ཉུང་ཤས་ལ་འཇིགས་བྱེད་ཀྱི་དབང་བྱས་པ་རེད། དེ་རིང་ནི་སྤྱན་རས་གཟིགས་ཀྱི་དབང་ཆེན་རེད། དྲ་རྒྱའི་ཐོག་ནས་དད་པ་ཅན་ཕྱོགས་དང་མཚམས་གང་དུ་ཡོད་ནའང་སོ་སོས་མོས་པ་བྱས་པ་དང་། ངོས་ཀྱིས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད།

འཕགས་པ་སྤྱན་རས་གཟིགས་ནི། སངས་རྒྱས་ཀུན་གྱིས་རབ་ཏུ་སྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་པའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། ། ཞེས་འཕགས་པ་སྤྱན་རས་གཟིགས་ནི་གཙོ་བོ་སྙིང་རྗེའི་ལྷ་རེད་འདུག སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བར་གཙོ་བོ་དམིགས་རྣམ་བསྐྱངས། བློ་སྦྱངས་ནས་སྙིང་རྗེ་སྐྱེ་དགོས་པ་རེད། གཞན་ཡང་ལྷག་པའི་ལྷ་འབྲེལ་ཡོད་དེ་འདྲ་བསྒྲུབ་རྒྱུ་བྱེད་ན་སྙིང་རྗེ་གོང་ནས་གོང་དུ་འཕེལ་རྒྱུ། ལྷག་པའི་ལྷ་སྤྱན་རས་གཟིགས་ལྟ་བུར་གསོལ་བ་བཏབ་ནས་སྙིང་རྗེ་སྐྱེ་སྐབས། སྙིང་རྗེ་དེ། དཔེར་ན། སྙིང་རྗེས་སེམས་ཅན་ལ་དམིགས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། ཞེས་གསུང་པ་ནང་བཞིན་ཤེས་རབ་དང་ལྡན་པ། རྣམ་དཔྱོད་དང་ལྡན་པ། འཆལ་བའི་ཤེས་རབ་མིན་པར། ཤེས་རབ་དང་ཟུང་དུ་སྦྲེལ་བའི་སྙིང་རྗེ་ཞིག་ཡོང་ཐུབ་པའི་གནད་འགག་ཡོད།

སྤྱིར་མི་ཚང་མ་བྱམས་བརྩེའི་རང་བཞིན་ཅན་ཞིག་ཡིན་པ་མ་ཟད། ཧ་ལམ་སྲོག་ཆགས་ཚང་མ་འཚོ་རྒྱུ་འདི་བྱམས་བརྩེའི་འཚོ་དགོས་ཀྱི་འདུག འབུ་ཞིག་ཡིན་ནའང་ཐོག་མར་འོ་མ་འཐུང་རྒྱུ་མེད་ཀྱང་ཨ་མས་ལྟ་རྟོག་བྱེད་པ་ལྟ་བུ་ཡོང་བཞིན་འདུག གང་ལྟར་བདེ་སྡུག་གི་ཚོར་བ་མྱོང་མཁན་སྲོག་ཆགས་ཚང་མ་བརྩེ་བས་འཚོ་བཞིན་པ་གསལ་པོ་རེད་འདུག དེར་བརྟེན་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། མི་སེམས་པ་བཟང་པོ་ཞིག་བྱ་ནས་གཅིག་གིས་གཅིག་ལ་འཚེ་བ་མི་བྱས་པར། ཕན་ཚུན་རོགས་ཕན་བྱས་པ་ཡིན་ན། སོ་སོ་རང་ཉིད་ཡིན་ནའང་སྐྱིད་པ་མ་ཟད། ཁོར་ཡུག་དེ་ཡང་བྱམས་བརྩེ་ལྡན་པ་ཞིག་བྱུང་ན་དངོས་འབྲེལ་ཞི་བདེ་བག་ཕེབས་དང་། འཇིགས་སྣང་མི་ཡོང་བ་དེ་འདྲ་ཡོང་རྒྱུ་འདུག བྱམས་བརྩེ་མེད་པར་ཕན་ཚུན་ཕྲག་དོག་དང་འགྲན་སེམས། ང་རྒྱལ་ཐོག་ནས་ཕྱིན་པ་ཡིན་ན། སོ་སོ་རང་ཉིད་མ་སྐྱིད་པ་དང་ཁོར་ཡུག་ཀྱང་མི་བདེ་བ་ཆགས་ཀྱི་ཡོད། དེར་བརྟེན་བྱམས་བརྩེ་ཟེར་རྒྱུ་འདི་ཧ་ཅང་རྩ་བ་ཆེན་པོ་རེད་འདུག

དེ་ནས་ཁོང་གིས་ཐུགས་འགན་བཞི་ཡི་ཐད་འདི་ལྟར་གསུང་དོན། ངོས་ཀྱི་ལས་འགན་དང་པོ་ནི། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་མང་པོ་ཞིག་ཡོད་པ་དེ་དག་བྱམས་བརྩེ་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་ཡིན། བྱམས་བརྩེ་ཟེར་བ་མི་གཞན་ལ་ཕན་གདགས་རྒྱུ་ཁོ་ནའི་སྐད་ཆ་དེ་འདྲ་གང་ཡང་མིན། སོ་སོ་རང་ཉིད་སེམས་སྐྱིད་པ་ཡོང་གི་འདུག དངོས་ཡོད་གནས་ཚུལ་ལ་ཇི་ཙམ་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག འགྲན་སེམས་ཡོད་ན་དེ་ཚོད་སོ་སོ་མ་སྐྱིད་པ་ཡོང་གི་རེད། དེ་ཡང་ཇི་སྐད་དུ། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཅེས་གསུང་པ་དེ་ལྟར་རེད། རང་དོན་བསྒྲུབས་པ་ཡིན་ནའང་སེམས་པ་བཟང་པོ་བྱེད་དགོས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་རེད། དེ་བཞིན་གཞན་དོན་བསྒྲུབས་པ་ཡིན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། སེམས་པ་བཟང་པོ་ཟེར་རྒྱུ་འདི་ནང་པའི་གཞུང་ནང་གལ་ཆེན་པོ་བྱས་ནས་གསུང་གི་ཡོད་པ་མ་ཟད། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་གསུང་བཞིན་འདུག བརྩེ་བ་ཟེར་རྒྱུ་འདི་སྤྱིར་སེམས་ཅན་ཚང་མར་ཕན་ཐོགས་ཡོད་པ་ཞིག་དང་། བྱེ་བྲག་ཏུ་མི་ལ་རྣམ་དཔྱོད་དང་རྣམ་དཔྱོད་དེ་ཡང་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན། རྣམ་དཔྱོད་དེ་མགོ་ལོག་རྩེད་ཉེན་ཡོད་པ་རེད། རྣམ་དཔྱོད་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་བྱུང་ན། རང་ལའང་ཕན། གཞན་ལའང་ཕན། གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཚང་མ་ཡོང་ཐུབ། མི་ཡ་རབས་དང་སེམས་པ་བཟང་པོ་ཞིག་ཡོང་རྒྱུ་ང་ཚོ་ཚང་མས་ལས་འགན་རེད། ངོས་ཀྱིས་གང་ཡོང་བྱེད་བཞིན་ཡོད། དེ་དང་འབྲེལ་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ནའང་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་བཅས་ཆོས་ལུགས་ཚང་མས་གསུང་བཞིན་འདུག འདིའི་ཐོག་ནས་ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུའི་གཞི་རྩ་ཡོད་པ་རེད། མཐུན་པོ་བྱེད་རྒྱུའི་རྒྱུ་མཚན་ཡོད་པ་རེད། དེར་བརྟེན་བྱམས་བརྩེ་གོང་མཐོར་སྤེལ་རྒྱུའི་དོན་དག་དང་འབྲེལ་ནས་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱེད་དགོས། གཞན་མི་ཚོས་བྱམས་པ་དང་བརྩེ་བ་ཞེས་ཆོས་ལུགས་ཚོས་བཤད་ཀྱི་ཡོད་ནའང་རྒྱག་རེས་དང་གསོད་རེས་ཁོ་རང་ཚོས་གཏོང་གི་འདུག ཅེས་ཟེར་ན་ཇི་ལྟར་བྱེད་དགོས་སམ། ཕན་གྱི་མ་རེད། སྤྱི་ཡོངས་ནས་ཆོས་ཡོད་ནའང་རེད། མེད་ནའང་རེད་བྱམས་བརྩེ་ཟེར་རྒྱུ་འདི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དེང་སྐབས་ཚན་རིག་ཐོག་ནས་ཀྱང་འདི་ལྟར་བཤད་ཡོང་གི་ཡོད་པ་རེད།

གང་ལྟར་ལུས་པོ་བདེ་ཐང་ཡོང་བར་སེམས་ཞི་བདེ་དང་བྱམས་བརྩེ་དགོས་རྒྱུ་ངོས་ཀྱི་ངོ་ཤེས་པ་ཚན་རིག་པ་མང་པོས་དེ་འདྲ་བཤད་ཀྱི་འདུག མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཅན་རེད་ཅེས་ཚན་རིག་པས་བཤད་ཀྱི་འདུག འདི་ཆོས་ཀྱི་སྐད་ཆ་མ་རེད། ཧ་ལམ་མཐོང་བ་མངོན་གྱུར་བཟོ་འདྲ་ཞིག་ཆགས་ཡོད། ཅུང་ཟད་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གྱི་སྐད་ཆ་མ་རེད། མཐོང་བ་མངོན་གྱུར་ཇི་ཙམ་སེམས་བཟང་པོ་དང་སེམས་ལ་བྱམས་བརྩེ་ཡོད་པ་ཞིག་བྱུང་ན་སྐྱིད་པ་ཡོང་ཐུབ། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་སྟབས། མི་ལ་བྱམས་བརྩེ་བཏོན་པར་སོ་སོ་རང་ཉིད་ཞི་ཞིང་དུལ་བ་དང་བཟོད་བསྲན་ཡོད་པ་ཞིག་དགོས།

ངོས་ཀྱི་ལས་འགན་གཉིས་པ་དེ་ཆོས་ལུགས་མཐུན་སྒྲིལ་སྐོར་ཡིན། འདི་ཡོང་མི་སྲིད་པ་ཞིག་དང་མ་སྒྲུབ་པ་ཞིག་རེད་མི་འདུག རྒྱ་གར་ལ་བལྟས་པ་ཡིན་ན། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་རིང་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་རེད། ཐོག་མར་ཕལ་ཆེར་གྲངས་ཅན་པ་མིན་ནམ། དེ་ནས་མར་ལྟ་གྲུབ་མི་འདྲ་བ་ཡོད་པའི་ཆོས་ལུགས་ཧ་ཅང་མང་པོ་བྱུང་ཡོད། རྒྱ་གར་ནང་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ག་ཚོད་འདུག དེ་དག་མཐུན་པོ་འདུག རྒྱ་གར་ནང་གསོད་རེས་གཏོང་མཁན་མི་འདུག ཕྱི་ནས་ཛོ་ར་སི་ཊིན་( Zorastrian) དང་། འཇིའུ། ཁ་ཆེ། ཡི་ཤུ་ཆོས་ལུགས་བཅས་སླེབས་པ་རེད། སྤྱི་ཡོངས་ནས་དེ་དག་ཚང་མ་ཕན་ཚུན་གུས་བརྩི་བྱས་ནས་ཡག་ཐག་ཆོད་འདུག མི་འབོར་ཧ་ཅང་ཆེ་བའི་རྒྱ་གར་ལུང་པའི་ནང་ལོ་ངོ་སྟོང་ཕྲག་ལྷག་རིང་ཆོས་ལུགས་མཐུན་སྒྲིལ་དེ་ལྟར་གནས་ཡོད་སྟབས། ཆོས་ལུགས་མཐུན་སྒྲིལ་ཟེར་བ་དེ་ཡོང་སྲིད་པ་ཞིག་རེད་འདུག

དེ་བཞིན་ངོས་ཀྱི་ལས་འགན་གསུམ་པ་ནི་ངོས་རང་བོད་པ་ཞིག་རེད། བོད་རྒྱ་ཆེ་མི་མང་གིས་ངོས་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། ཐེངས་ཤིག་རྒྱ་གར་ཤར་ཕྱོགས་ལ་རེད། གནམ་གྲུ་ཆུང་ཆུང་ཞིག་གི་ནང་འགྲོ་བའི་སྐབས་གནམ་གྲུ་དེས་ཧ་ཅང་དཀྲུགས་བྱུང་། སྐབས་དེར་སེམས་ནང་འཇིགས་སྣང་གང་ཙམ་བྱུང་། བློའི་ཟུར་དེར་ངོས་རང་ཤི་བ་ཡིན་ནའང་མི་གཅིག་རེད། འོན་ཀྱང་བོད་རྒྱ་ཆེ་མི་མང་དེ་དག་གིས་ངོས་ལ་རེ་བ་རྒྱག་བཞིན་ཡོད་སྟབས། ད་གང་དྲག་བསྙམ་པ་བྱུང་། གཞིས་ལུས་རྒྱ་ཆེ་མི་མང་གིས་ངོས་ལ་རེ་བ་དང་ཡིད་ཆེད་བྱེད་བཞིན་ཡོད་སྟབས་བོད་སྤྱི་པའི་དོན་དུ་ཚུར་དེ་ཙམ་རེ་བ་རྒྱག་སྐབས་དེ་དག་གི་དོན་དུ་ཕར་བསམ་བློ་བཏང་ནས་གང་ཐུབ་ཕན་ཐོགས་བྱེད་དགོས་པ་དེ་ངོས་ཀྱི་ལས་འགན་རེད། ཚུར་དེ་ཙམ་གུས་བརྩི་བྱེད་དུས་དེའི་ཚོད་ཀྱིས་ངོས་ལ་འགན་ཞིག་ཀྱང་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་སླེབས་ཡོད། ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་ནས་ལུང་པ་བྲལ་བ་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་གཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་བྱུང་ཡོད། ཅེས་བཀའ་སློབ་བསྩལ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།