17
Thu, Oct

༢༠༡༩་ལོའི་ཟླ་༡༠་ཚེས་༣་ཉིན། ༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༠་ཚེས་༥་ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་པའི་མི་མང་རྣམས། ༸གོང་ས་མཆོག་གིས་སེམས་ཁམས་རིག་པ་དང་འབྲེལ་བའི་བྱམས་བརྩེ་ཡི་ཤེས་ཡོན་གྱི་སྡེ་ཚན་ཞིག་སློབ་གྲྭ་ཁག་གི་ནང་དུ་བཞག་པའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། གནའ་དང་དེང་གི་ཤེས་ཡོན་ཟུང་འབྲེལ་བྱེད་ཐུབ་མཁན་ནི་རྒྱ་གར་ཁོ་ན་རེད། མདོར་ན། གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་ཡོང་ཐུབ་པ་བྱེད་དགོས་ཞེས་བཀའ་སྩལ་སོང་།

དེ་ཡང་། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་པའི་ཕྱི་རྒྱལ་བ་དང་། གྲྭ་བཙུན། མི་མང་བཅས་རྒྱལ་ཁབ་༦༡ ནས་ཕེབས་པའི་ཆོས་ཞུ་བ་༧༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཉིན་མཐའ་མ་ཡི་གསུང་ཆོས་ཐོག ༸གོང་ས་མཆོག་གིས་མུ་མཐུད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཐོག་ཆོས་འགྲེལ་གནང་སྟེ། སྟོང་ཉིད་དང་རྟེན་འབྱུང་གི་སྐོར་གཙོ་བོར་གསུངས་སོང་།

དེའི་རྗེས་མགོན་པོ་གང་ཉིད་ཀྱིས་རང་གི་ཐུགས་སྐྱེད་བཞི་དང་འབྲེལ་བའི་སྐོར་ཆོས་ཞུ་བ་ཚོར་གསུངས་དོན། དེ་ཡང་ཐུགས་བསྐྱེད་དང་པོ་ནི། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཐུགས་བསྐྱེད་གཉིས་པ། ཆོས་ལུགས་མཐུན་འབྲེལ། ཐུགས་བསྐྱེད་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཡིན་པ་དང་། མཚམས་འདིར་ཁོང་གིས་མུ་མཐུད་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་གསུངས་དོན། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་བཞག་ཟིན། ད་ལྟར། ངོས་ཀྱིས་བོད་ཀྱི་ཁོར་ཡུག་དང་། ཆོས་དང་རིག་གཞུང་བཅས་སྲུང་སྐྱོབ་བྱེད་ཆེད་འབད་བརྩོན་བྱེད་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པར་བརྗོད་ཀྱི་ཡོད། སྔོན་བོད་ཀྱི་མཁས་པ་རྣམས་ཀྱིས་དཔལ་ནཱ་ལེནྡྲའི་ཆོས་རྣམས་དོན་བསྒྱུར་དང་སྒྲ་བསྒྱུར་གཉིས་ཀྱི་ཐོག་ནས་བོད་ཡིག་ནང་དུ་སྒྱུར་ཡོད། ལེགས་སྦྱར་གྱི་སྐད་ཚབ་དུ་བོད་སྐད་བྱེད་ཐུབ་ཀྱི་ཡོད་རེད། ཚད་མ་རིག་པ་བོད་སྐད་ནང་དུ་ཆ་ཚང་ཡོད་རེད། བོད་པའི་སྐད་ཡིག་དང་སྐད་ཡིག་དེའི་ནང་དུ་ཡོད་པའི་ནང་ཆོས་འདི་ལེགས་པོར་བདག་རྒྱག་དགོས་འདུག

ང་ཚོ་བཙན་བྱོལ་དུ་གྱར་ཡོད་ཀྱང་། དཔལ་ནཱ་ལེནྡྲའི་ཤེས་ཡོན་ཉར་ཚགས་བྱེད་ཐུབ་ཡོད། ནང་ཆོས་དེ་ཚང་མར་ཕན་ཐོགས་ཡོང་གི་རེད། བོད་ནང་དུ་རྒྱ་མི་ལྟ་མཁྲེགས་ཁ་ཤས་ཀྱིས་བོད་སྐད་ཡིག་གིས་ཁ་བྲལ་གཏོང་གི་ཡོད་པར་བསམས་ཡོད། དེ་ལྟར་མ་རེད། བོད་སྐད་ཡིག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེའི་ནང་དུ་ཡོད་པའི་ཤེས་ཡོན་གྱིས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་གང་ལ་གང་འཚམ་གྱིས་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཡོད། བོད་སྐད་ཡིག་ག་ཚོད་གལ་ཆེན་པོ་ཡིན་ཚུལ་རྒྱ་རིགས་གཞན་པ་ཚོར་བཤད་རོགས། ཞེས་གསུངས་སོང་།

བོད་ནང་གི་གནས་སྟངས་སྐོར་ནས་ཁོང་གིས་གསུངས་དོན། བོད་ནང་གི་བོད་མི་ཚོ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད། གཞན་ལ་འཚེ་བ་མ་བྱས་ནས། རང་ལུས་མེར་བསྲེག་བཏང་ཡོད། རང་ལུས་མེར་བསྲེག་བཏང་ཐུབ་ན། མི་གཞན་ལ་འཚེ་བ་ག་ལ་བྱེད་ཐུབ། བོད་མི་སྤྱི་ཡོངས་ནས་གཞན་ལ་འཚེ་མེད་ཀྱི་བསམ་བློ་གཏོང་མཁན་ཞིག་ཡིན་ཞེས་གསུངས་སོང་།

དེ་ནས་ཐུགས་བསྐྱེད་བཞི་པའི་སྐོར་ནས། རྒྱ་གར་ནང་གི་གནའ་རབས་ཀྱི་རིག་གནས་བསྐྱར་གསོ་བྱ་རྒྱུ་དེ་ཡིན། གྷན་ཌི་མཆོག་གི་འཚེ་བ་མེད་པའི་ལྟ་གྲུབ་དེ་ཧ་ལས་པ་རེད། ངོས་ཀྱིས་རྒྱུན་དུ་རྒྱ་གར་ནང་དུ། སེམས་ཁམས་རིག་པ་དང་འབྲེལ་བའི་བྱམས་བརྩེ་ཡི་ཤེས་ཡོན་གྱི་སྡེ་ཚན་ཞིག་སློབ་གྲྭ་ཁག་གི་ནང་དུ་བཞག་པའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། གནའ་དང་དེང་གི་ཤེས་ཡོན་ཟུང་འབྲེལ་བྱེད་ཐུབ་མཁན་ནི་རྒྱ་གར་ཁོ་ན་རེད། མདོར་ན། གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་ཡོང་ཐུབ་པ་བྱེད་དགོས། ངོས་ཀྱིས་ཁྱོད་ཚོ་ཆོས་གྲོགས་སུ་རྩིས་བཞིན་ཡོད། ཁྱོད་ཚོས་ངོས་ཀྱི་ཐུགས་བསྐྱེད་བཞིའི་ཐོག་གང་ཐུབ་བྱེད་རོགས། ཞེས་གསུངས་སོང་།

མཇུག་མཐར། ཉིན་གསུམ་གྱི་ཆོས་འབྲེལ་འདིའི་རིང་དུ་ཁྱོད་ཚོར་ཕན་ཐོགས་བྱུང་ཡོད་རྒྱུ་རེད། གཙོ་བོ་བྱམས་སེམས་དང་སྟོང་ཉིད་སྒོམ་རྒྱུ་གཙོ་བོ་རེད། ངོས་ནི་ཁྱོད་ཚོའི་དགེ་རྒན་ལྟ་བུ་རེད། དགེ་རྒན་གང་གསུངས་པ་དེར་ཐུགས་ལ་བཞག་ནས་གང་ཐུབ་བྱེད་ཤོག་ཅེས་གསུངས་པ་དང་། དེའི་རྗེས་བྱང་ཆུབ་སེམས་དཔའ་པའི་སྡོམ་པ་གནང་སྟེ། ཐེངས་འདིའི་ཉིན་གསུམ་རིང་གི་གསུང་ཆོས་ལེགས་པར་མཇུག་གྲུབ་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།