26
Fri, Apr

བོད་མིའི་སྒྲིགས་འཛུགས་ཀྱི་རྩིས་ཞིབ་པ་བསྐོ་བཞག་གནང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཉིན་གུང་ཆུ་ཚོད་༡༡:༣༠ སྟེང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༡ ཐོག་རྩིས་ཞིབ་སྤྱི་ཁྱབ་པར་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༡ ནས་རྒྱུན་ལས་ཚོགས་ཁང་དུ་གསང་བའི་འོས་ཤོག་འཕངས་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་སྟེ། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པའི་དོན་ཚན་ (༡༠༧) པའི་ནང་གསེས་དང་པོའི་ཀ་པའི་དགོངས་དོན་བཞིན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་རྩིས་ཞིབ་སྤྱི་ཁྱབ་པ་གཅིག་དགོས་པར། ས་མིག་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཆེད་དམིགས་བསལ་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་ལྡབ་གཉིས་ལས་མ་ཉུང་བའི་འོས་འཆར་ཕུལ་བ་བཞིན། སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཞེས་འཁོད་ཡོད་པ་དང་།
ཡང་བཅའ་ཁྲིམས་ལེའུ་བཅུ་པའི་དོན་ཚན་(༡༠༧)པའི་ནང་གསེས་དང་པོའི་ཁ་པའི་དགོངས་དོན་བཞིན། གལ་ཏེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས་ཞེས་གསལ་བ་ལྟར། གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་དང་། སྐུ་ཞབས་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༡ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་སུ་སྤྱི་འཐུས་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་རྩིས་ཞིབ་སྤྱི་ཁྱབ་པར་བསྐོ་གཞག་བྱུང་ཡོད་པ་རེད།

ཐེངས་འདིའི་འོས་མི་འདེམས་སྒྲུག་ཆེད་དམིགས་བསལ་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གི་ཚོགས་མིར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས། རྩིས་ཞིབ་སྤྱི་ཁྱབ་པ་ཟུར་པ་མགོན་པོ་ཕུན་ཚོགས་ལགས་བཅས་ཡོད་འདུག

བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ནང་བཀོད་པ་ལྟར་ན། གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་ནི་ཕྱི་ལོ་ ༡༩༥༨ ཟླ་ ༥ ཚེས་ ༤ ཉིན་སྐྱིད་གྲོང་དོལ་པོ་ཡུལ་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༧༦ ལོར་གཞི་རིམ་འཛིན་གྲྭ་བཅུ་གཅིག་ཐོན་རྗེས། ཕྱི་ལོ་༡༩༧༩ ལོར་སྦེང་ལོར་མཐོ་སློབ་ནས་ཚོང་རྩིས་ (B.Com) ཐོག་སློབ་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་སིམ་ལ་ (A.G) ལས་ཁུངས་ནས་དམིགས་བསལ་ཟླ་དྲུག་རིང་རྩིས་སྦྱོང་གནང་བ་དང་། ༡༩༨༥ ནས་༡༩༨༦ ལོ་བར་ཅན་རྡི་གྷར་ནས་ཟླ་གསུམ་མཉམ་སྦྲེལ་རྩིས་སྦྱོང་དང་། ཕྱི་ལོ་ ༡༩༩༢ ལོར་སིམ་ལ་ (National Academy of Audit and Accounts) ནས་ཆེས་མཐོའི་བདུན་གསུམ་ཟབ་སྦྱོང་གནང་ཡོད།

ལས་ཀའི་ཉམས་མྱོང་ནི་ཕྱི་ལོ་ ༡༩༨༢ ནས་ ༡༩༩༧ བར་རྩིས་ཞིབ་ལས་ཁང་དུ་རྒན་དྲུང་ནས་ཟུང་དྲུང་བར་ཞབས་ཕྱི་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༧།༧།༡ ནས་ ༢༠༠༡།༥།༡ བར་སྨན་རྩིས་ཁང་གི་འགན་འཛིན་དང་། ༢༠༠༡།༥།༡ ནས་ ༢༠༠༢།༥།༡ བར་རྩིས་ཞིབ་ལས་ཁང་གི་དྲུང་ཆེ། ཕྱི་ལོ་༢༠༠༢།༥།༡ ནས་ ༢༠༠༤།༡།༥ བར་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ། ༢༠༠༤།༡།༥ ནས་ ༢༠༠༥།༥།༡ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ། ༢༠༠༧།༥།༡ ནས་ ༢༠༠༧།༧།༡ བར་བཀའ་ཡིག་ངེས་མེད་སྡེ་ཚན་གྱི་དྲུང་ཆེ། ༢༠༠༧།༧།༡ ནས་ ༢༠༠༨།༣།༢༠ བར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ། ༢༠༠༨།༣།༢༠ ནས་བགྲེས་ཡོལ་སྔ་སྣུར་ཞུས་ཏེ་ད་ལྟ་ཁེ་ན་ཌ་གྲོང་ཁྱེར་ཊོ་རོན་ཊོ་ལ་གནས་བཞུག་གནང་ཡོད་འདུག