26
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་ ༡༩༥༩ ནས་སྤྱི་ལོ་ ༢༠༠༩ བར་ལོ་ ༥༠།

       བཙན་བྱོལ་བོད་གཞུང༌། བཙན་བྱོལ་བོད་གཞུང་ནི་མང་གཙོའི་གཞུང་ཞིག་ཡིན་ལ། དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་གཞུང་འདི་ཉིད་དབུ་འཛུགས་བཀའ་དྲིན་བསྐྱངས་ཤིང༌། དེ་ནི་དེ་སྔ་རང་བཙན་ཡིན་པའི་སྐབས་ཀྱི་བོད་གཞུང་དེ་ཉིད་རྒྱ་གར་ནང་གནས་སྤོས་གནང་བའི་ངོ་བོར་གྲུབ་ཡོད་ལ། ཕྱི་ལོ་ ༡༩༦༠ ཟླ་ ༥ པའི་ནང་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་སྤོ་བཤུག་གནང་ཞིང༌། འདི་ཉིད་ཁྲིམས་མཐུན་དང་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་གཞུང་ཞིག་ཡིན་པར་ངོས་འཛིན་བཞིན་ཡོད།

       དེ་ཡང༌། ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་གི་ཕེབས་རྗེས་སུ་བོད་མི་ ༨༠༠༠༠ ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང་བསྟུན་ྋགོང་ས་མཆོག་གི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་རང་གི་ཁྲིམས་མཐུན་གྱི་ངོ་བོ་མཚོན་པའི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང༌། རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་གཞུང་འབྲེལ་ངོས་ལེན་ཞུས་མེད། ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྟངས་འཛིན་བྱེད་བཞིན་པའི་བོད་རྒྱལ་ཁབ་ཀྱི་གནས་སྟངས་འདི། བཞུགས་སྒར་རྡ་སར་གནས་པའི་བཙན་བྱོལ་བོད་གཞུང་གི་ཁྲིམས་མཐུན་མིན་པའི་དབང་འཛིན་ཞིག་ལ་ངོས་འཛིན་གྱིན་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལམ་སྟོན་འོག་བཀའ་ཤག་གིས་སྟངས་འཛིན་དང་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་དང༌། བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་རང་དབང་ཅན་གྱི་ཁྲིམས་ཞིབ་སྡེ་ཚན་ཞིག་ཡིན། བཙན་བྱོལ་གཞུང་འདིར་བཀའ་བློན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལྷན་ཁང་དང༌། ནང་སྲིད་ལྷན་ཁང༌། ཤེས་རིག་ལྷན་ཁང༌། དཔལ་འབྱོར་ལྷན་ཁང༌། བདེ་སྲུང་ལྷན་ཁང༌། ཕྱི་དྲིལ་ལྷན་ཁང༌། འཕྲོད་བསྟེན་ལྷན་ཁང་བཅས་དང༌། རང་དབང་ཅན་གྱི་སྡེ་ཚན་གསུམ་སྟེ། སྤྱི་ཁྱབ་འོས་བསྡུ་ལས་ཁང་དང༌། སྤྱི་ཁྱབ་རྩིས་ཞིབ་ལས་ཁང༌། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་གསུམ་ཡིན།

       བཙན་བྱོལ་བོད་གཞུང་གིས་རྒྱ་གར་དབུས་གཞུང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌། དང་བླང་ཚོགས་པ་བཅས་ཀྱི་མཐུན་འགྱུར་རོགས་རམ་འོག་རྒྱ་བལ་འབྲུག་གསུམ་གྱི་ནང་སོ་ནམ་ཞིང་ལས་གཙོ་གྱུར་གྱི་སྐྱབས་བཅོལ་བོད་མིའི་གཞིས་སྒར་ཁག ༡༤ དང༌། ཆུང་བ་ ༨ ཞིང་ལས་དང་བཟོ་ལས་གཙོ་བཟུང་གི་གཞིས་སྒར་ ༢༡ ལག་ཤེས་བཟོ་གྲྭ་ ༡༠ སོགས་གསར་འཛུགས་གནང་ཡོད་པ་དང༌། བོད་ཕྲུག་སློབ་སྦྱོང་བྱེད་ཡུལ་སློབ་གྲྭ་ཆེ་ཆུང་ ༨༣ ཙམ་གསར་འཛུགས་མཛད་པའི་ནང་བོད་ཕྲུག ༢༣༠༠༠ ཙམ་སློབ་སྦྱོང་བྱེད་བཞིན་པ་དང༌། སྐྱབས་བཅོལ་ནང་རིས་སུ་མ་མཆིས་པའི་དགོན་སྡེ་དང༌། གྲྭ་ཚང་ ༢༢༠ ལྷག་ཙམ་གསར་འཛུགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དར་སྤེལ་དང་ཉམས་པ་སླར་གསོ་ཐུབ་པ་བྱུང༌། དེ་བཞིན་བོད་གཞུང་སྨན་རྩིས་ཁང་དང༌། བོད་ཀྱི་དཔེ་མཛོད་ཁང༌། བོད་གཞུང་ཟློས་གར། རིགས་ལམ་སློབ་གཉེར་ཁང༌། ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌། ལྡི་ལི་བོད་ཁང་སོགས་རིག་གནས་ཁང་དང་ཚོགས་པ་འདྲ་མིན་གསར་འཛུགས་ཀྱིས་རང་ཡུལ་བོད་དུ་རྩ་བརླག་དང་ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་ཆོས་རིག་རྣམས་གཞན་ཡུལ་དུ་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་ཡོངས་ཐབས་སུ་འབད་བརྩོན་ཆེར་བསྐྱེད་གནང་ཡོད།

       བཙན་བྱོལ་བོད་གཞུང་གི་ལས་འགན། བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས་པ་ནས་བཟུང་བསྒྲུབ་བྱའི་དམིགས་ཡུལ་གཉིས་གཏན་འབེབས་གནང་ཡོད་པ་ནི། ༡༽ བོད་མི་བཙན་བྱོལ་བའི་བདེན་དོན་ལ་གཟིགས་སྐྱོང་གནང་རྒྱུ་དང༌། ༢༽ གཞི་རྩའི་བོད་ཀྱི་རང་དབང་སླར་གསོ་གནང་རྒྱུ་བཅས་སོ།།

       བཙན་བྱོལ་བོད་གཞུང་གི་གཞི་རྩའི་ལྟ་གྲུབ་གསུམ། བཙན་བྱོལ་བོད་གཞུང་གི་ལྟ་གྲུབ་ཀྱི་གཞི་རྟེན་མཐར་ཐུག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་ལྟར་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་མང་གཙོའི་རིང་ལུགས་གསུམ་ཡིན་ཞིང༌། འདི་ནི་ནམ་ཡང་འདའ་མི་རུང་བའི་བཀའ་བཏགས་ཀྱི་ཕྱག་རྒྱ་ཞིག་ཏུ་ཡིད་ཆེས་གནང་བཞིན་ཡོད།

       བཙན་བྱོལ་གཞུང་ལུགས། མང་གཙོའི་ཀ་བ་གསུམ་ལྡན་གྱི་མང་གཙོའི་གཞུང་ཞིག་ཡིན། དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་ཤིང༌། སྐབས་དེར་སྤྱི་འཐུས་རྣམས་དང༌། བཀའ་བློན་དྲུང་ཆེ་བཅས་འདུས་པའི་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཞེས་འཚོག་སྲོལ་དར་ཡོད་ཅིང༌། དུས་ཕྱིས་སུ་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་དེ་ཡང་གྲོས་ཚོགས་ཀྱི་ངོ་བོར་འཚར་ལོངས་ངེས་ཅན་ཞིག་བྱུང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཚོགས་ཞེས་འབོད་སྲོལ་བྱུང་ངོ༌།།

       ཆབ་སྲིད་ཀྱི་རང་བཞིན། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ་གྱི་ཡུལ་མིའི་རྒྱལ་ཁབ་བཅས་ཡིན། བཙན་བྱོལ་བོད་གཞུང་གི་སྲིད་ལུགས། དབུ་མའི་ལམ་ཡིན། དེ་ཡང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཞུ་རྒྱུ་བཙན་བྱོལ་བོད་གཞུང་གི་རྩ་འཛིན་སྲིད་བྱུས་ཡིན་པ་དེ་ཉིད་འཕྲལ་མྱུར་ཕྱག་ལན་འཁེལ་ཐབས་སུ་རྒྱལ་སྤྱིའི་མཐུན་འགྱུར་གོང་མཐོར་སྤེལ་ཐབས་དང༌། རྒྱ་དམར་དབུ་འཁྲིད་རྣམས་དང་ཐད་འབྲེལ་སླར་གསོ་ཡོངས་ཐབས། གཞིས་བྱེས་བོད་མི་རང་ངོས་ནས་འོས་ཤིང་འཚམས་པའི་ལས་འགུལ་སྤེལ་ཐབས་བཅས་སོ།།

       དབུ་མའི་ལམ། ྋགོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཕྱིར་བཏོན་པའི་དབུ་མའི་ཐབས་ལམ་ནི། ཆབ་སྲིད་ཀྱི་མངའ་དབང་གི་ཆ་ནས་མཐའ་གཉིས་དང་བྲལ་བ་དང༌། མངའ་རིས་སམ་ས་ཁྱོན་གྱི་ཆ་ནས་མཐའ་གཉིས་དང་བྲལ་བ། ཆབ་སྲིད་ཀྱི་ལམ་སྲོལ་གྱི་ཆ་ནས་མཐའ་གཉིས་དང་བྲལ་བ༑ རང་སྐྱོང་གི་ངོ་བོའི་ཆ་ནས་མཐའ་གཉིས་དང་བྲལ་བ་བཅས་མཐའ་བཞིའམ་ཡང་ན་མཐའ་བརྒྱད་དང་བྲལ་བ་ཞིག་ལ་དབུ་མའི་ལམ་ཟེར་ཞེས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོ།།

       བཙན་བྱོལ་བོད་གཞུང་ཆགས་ཡུལ་དང་དབུ་ཁྲིད། བཙན་བྱོལ་བོད་གཞུང་ནི། རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ། ཀང་ར་རྫོང་ཁོངས་དྷརྨ་ཤཱ་ལཱར་ཆགས་ཡོད་ཅིང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་གཞིས་བྱེས་གཉིས་ཀྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཡིན། རྩ་ཁྲིམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ནི། བོད་གཞུང་གི་ལས་དོན་ཞུ་སྒོའི་ཐོག་སྟངས་འཛིན་དབང་བསྒྱུར་བྱེད་པའི་བླ་ན་མེད་པའི་ཁྲིམས་གཞི་དེ་ཡིན། དེ་ནི་རྩ་ཁྲིམས་བསྐྱར་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་བ་ནས་འཆར་ཟིན་བཀོད་ཅིང༌། ཁྲིམས་བཟོ་ལྷན་ཚོགས་སུ་སྙན་སེང་དང་འབྲེལ། བཀའ་བསྡུར་ཞུས་མཐར་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་རང་དབང་ཅན་གྱི་མང་གཙོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཔེ་བཞག་སྟེ་གཏན་ལ་ཕབ་པ་དེ་ཟླའི་ཚེས་ ༢༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཏེ་རྩ་འཛིན་གསལ་བསྒྲགས་གནང་བ་ཞིག་ཡིན།

       མང་གཙོའི་ཀ་བ་གསུམ། བཙན་བྱོལ་བོད་གཞུང་ནི་མི་དམངས་ཀྱིས་བསྐོ་བཞག་བྱས་པའི་མང་གཙོའི་གཞུང་ཞིག་ཡིན་ཡང༌། གཞུང་དེ་ཉིད་ཚགས་ཚུད་དང༌། ཁྲིམས་མཐུན། དྲང་བདེན་བཅས་ཡོང་ཐབས་སུ་གཞུང་འདིའི་སྒྲིག་འཛུགས་ཀྱི་རང་བཞིན་མང་གཙོའི་ཀ་བ་གསུམ་ཞེས་རྣམ་པ་གསུམ་ལ་ཕྱེས་ཡོད་པ་སྟེ། ༡ འཛིན་སྐྱོང༌། ༼བཀའ་ཤག༽ དང༌། ༢ ཁྲིམས་བཟོ། ༼བོད་མི་མང་སྤྱི་འཐུས་ལྷན་ཚོགས།༽ ༣ ཁྲིམས་ཞིབ། ༼བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང༌།༽ བཅས་ལས་གྲུབ་ཡོད།

       ཁྲིམས་བཟོ་ལྷན་ཚོགས། སྤྱི་འཐུས་ཀྱི་གྲུབ་ཆ། ཁྲིམས་བཟོ་ལྷན་ཁང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་སྤྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཐོག་མར་དབུ་བརྙེས་ཤིང༌། སྤྱི་ལོ་ ༡༩༨༨ བར་སྤྱི་འཐུས་ཀྱི་གྲངས་འབོར་དེ་ ༡༣ ནས་ ༡༧ བར་ཡོད་ཅིང༌། སྤྱི་ལོ་ ༡༩༩༠ ལོར་ྋགོང་ས་མཆོག་ནས་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་གནང་སྟེ་མི་འཐུས་ ༤༦ ལས་གྲུབ་ཡོད། དེ་ཡང་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ་དང༌། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ། ཡོ་རོབ་གནས་སྡོད་བོད་མིའི་ཁུལ་ནས་སྤྱི་འཐུས་གཉིས་དང༌། བྱང་ཨ་རི་ཁུལ་གནས་བོད་མིའི་སྤྱི་འཐུས་གཅིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཤེས་ཡོན་ཅན་རང་རེའི་བཙན་བྱོལ་ཁྲོད་དུ་སྒྱུ་སྩལ་དང༌། ཚན་རིག རིག་གནས། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཐད་བསྐོས་སྤྱི་འཐུས་གསུམ་བཅས་ལས་གྲུབ་ཅིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད་དེ་ལོ་ལྔ་རེ་ཡིན།

       གཞུང་གི་འཛིན་སྐྱོང༌། འཛིན་སྐྱོང་བཀའ་ཤག་ནི་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་སྤྱི་ཁྱབ་ལས་ཁུངས་མཐོ་ཤོས་དེ་ཡིན། བཀའ་ཤག་གི་བཀའ་བློན་ཁྲི་པའི་སྟངས་འཛིན་འོག་བཀའ་བློན་ལས་ཁུངས་བདུན་ཡོད་དེ༑ ཆོས་རིག་དང༌། ནང་སྲིད། ཤེས་རིག དཔལ་འབྱོར། བདེ་སྲུང༌། ཕྱི་དྲིལ། འཕྲོད་བསྟེན་ལྷན་ཁང་བཅས་བཀའ་བློན་ལྷན་ཁང་བདུན་པོ་མི་མང་གི་མང་མོས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་དབུས་བཀའ་བློན་བདུན་གྱིས་སྣེ་ཁྲིད་དེ་གཞུང་འཛིན་བཞིན་ཡོད་ལ། བཀའ་བློན་གྱི་ཡུན་ཚད་དེ་ལོ་ལྔ་ཡིན།

       ཁྲིམས་ལུགས་དབང་འཛིན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་དང༌། སྐོར་བསྐྱོད་ཁྲིམས་ཞིབ་ཁང༌། ས་གནས་ཁྲིམས་ཞིབ་ཁང་བཅས་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི། བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དབང་འཛིན་གྱི་སྡེ་ཚན་མཐོ་ཤོས་དེ་ཡིན་ལ། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༠ ཉིན་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་ཡོད་ཅིང༌། བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ཁྲིམས་ཞིབ་ཁང་གིས་བོད་མིའི་སྤྱི་ཚོགས་ནང་ཁུལ་དུ་རྩོད་གླེང་ཁ་མཆུའི་རིགས་ཁྲིམས་དཔྱོད་གནང་རྒྱུའི་འགན་དབང་ཡོད་ཅིང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགོ་འདོམས་སུ་ཁྲིམས་ཞིབ་པ་ཆེ་བ་གཅིག་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་བཞག་མཛད་ཀྱི་ཡོད། གཞན་ཡང་བོད་མིའི་གཞིས་སྒར་ཆེ་ཁག་དང༌། ཁ་འཐོར་གནས་ཡུལ་བཅས་ལ་ཁྲིམས་དཔོན་རེ་རྩིས་ཁྱོན་བསྡོམས་ས་གནས་ཁྲིམས་དཔོན་ ༦༢ གཏན་འབེབས་གནང་ཡོད། དེ་བཞིན་སྐོར་བསྐྱོད་ཁྲིམས་ཁང་ལྔ་གཏན་འབེབས་ཀྱིས་བཙན་བྱོལ་སྤྱི་ཚོགས་ས་ཁུལ་ཁག་དྲུག་ཏུ་ཆ་བགོས་བྱས་ཡོད་པ་རྣམས་ལ་ཁྱབ་བཞིན་ཡོད།

       དང་པོ་ཆོས་རིག་ལྷན་ཁང༌། ཆོས་རིག་ལྷན་ཁང་ནས་བོད་ཀྱི་ཆོས་དང༌། རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ་འདི་ཉིད་མི་ཉམས་རྒྱུན་འཛིན་དང༌། གོང་འཕེལ་དུ་གཏོང་རྒྱུའི་གཙོ་འགན་བཞེས་ཀྱི་ཡོད་ཅིང༌། ཆོས་རིག་ལྷན་ཁང་གི་མངའ་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང༌། བོད་ཀྱི་ཟློས་གར་ཚོགས་པ། ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང༌། ལྡི་ལི་བོད་ཁང༌། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། རིས་མེད་དགོན་སྡེ་ཁག ༢༠༠ ལྷག་ཙམ་ནང་གྲྭ་བཙུན་གྲངས་ ༢༠༠༠༠ ལྷག་བཅས་ཡོད།

       གཉིས་པ་ནང་སྲིད་ལྷན་ཁང༌། ནང་སྲིད་ལྷན་ཁང་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་འཛུགས་བསྐྲུན་གྱི་ལས་འཆར་རྣམས་ཀྱི་གཙོ་འགན་བཞེས་ཀྱི་ཡོད། ནང་སྲིད་ལྷན་ཁང་གི་གཟིགས་སྐྱོང་འོག་རྒྱ་གར་དུ་སོ་ནམ་གཞིས་སྒར་ཁག ༢༡ དང༌། ཁ་འཐོར་བོད་མི་གནས་ཡུལ་ཁག ༡༡ བཟོ་ཞིང་མཉམ་འབྲེལ་ཁག ༨ རུམ་འཐག་མཉམ་འབྲེལ་ཁག ༤ བཅས་དང༌། བལ་འབྲུག་གཉིས་སུ་གཞིས་སྒར་དང༌། ལག་ཤེས་བཟོ་གྲྭ་ཁག ༢༠ བཅས་ཡོད། ལས་འགན་གཙོ་བོ་ནི། བོད་མི་མང་གི་ཁྲོད་དུ་ལས་ཀའི་གོ་སྐབས་དང༌། མདུན་ལམ་བསྐྲུན་རྒྱུ། རིམ་པས་གཞན་གྱི་རོགས་རམ་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་པ་བཟོ་རྒྱུ་བཅས་ཡིན།

       གསུམ་པ་དཔལ་འབྱོར་ལྷན་ཁང༌། དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་གཞུང་གི་ལོ་རེའི་འགྲོ་གྲོན་ལ་སྟངས་འཛིན་དང༌། དཔལ་འབྱོར་འདུ་འགོད་གནང་གི་ཡོད། ལས་ཁུངས་ཀྱི་དཔལ་འབྱོར་ཡོང་དམིགས་གལ་ཆེ་ཤོས་དེ་ནི། བཙན་བྱོལ་བོད་མི་མང་གི་ཐོག་ཏུ་འཁྲི་བའི་ལོ་རེའི་དྭངས་བླངས་དཔྱ་ཁྲལ་ཧིན་སྒོར་ ༥༨ དང༌། རྩ་ཕོགས་ཀྱི་བརྒྱ་ཆ་བཞིའམ། སྒང་ཕོགས་ཀྱི་བརྒྱ་ཆ་གཉིས་གང་མང་བ་དེ་བསྡུ་འབུལ་ཞུ་དགོས་པ་བཅས་ཡིན། བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་ཀྱང་དཔལ་འབྱོར་ལྷན་ཁང་ནས་གོ་སྒྲིག་གཏན་འབེབས་གནང་ལམ་ཡོད།

       བཞི་པ་ཤེས་རིག་ལྷན་ཁང༌། ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་རྒྱ་བལ་འབྲུག་གསུམ་དུ་སློབ་གྲྭ་ཁག ༨༤ ཡོད་པ་དེ་དག་གི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༣༠༠༠༠ ལ་བོད་ཀྱི་རིག་གཞུང་དང༌། དེང་དུས་དང་འཚམས་པའི་ཤེས་ཡོན་སློབ་སྦྱོང་གནང་གི་ཡོད། གྲངས་འབོར་འདིས་བཙན་བྱོལ་ཁྲོད་དུ་ཕྲུ་གུ་སྤྱིའི་བརྒྱ་ཆ་ ༧༠ ལོན་གྱི་ཡོད། གཞན་ཡང་ཕྲུ་གུ་བརྒྱ་ཆ་ ༡༥ ནས་ ༢༠ བར་སྒེར་གཉེར་སློབ་གྲྭ་ཁག་ནང་སློབ་སྦྱོང་དུ་བསྐྱོད་ཀྱི་ཡོད། བཞུགས་སྒར་རྡ་སའི་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ་བཅས་ནི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རང་དབང་ཅན་གྱི་སློབ་གྲྭ་ཡིན་ཞིང༌། བཞུགས་སྒར་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེ་ནས་ཡན་ལག་སློབ་གྲྭ་ ༡༥ འཛིན་སྐྱོང་གནང་གི་ཡོད་ཅིང་དེ་དག་ནང་སློབ་ཕྲུག ༡༠༠༠༠ ཙམ་ཡོད་པ་ཕལ་ཆེར་བོད་ནས་གསར་དུ་འབྱོར་བ་ཤ་སྟག་ཡིན།

       ལྔ་པ་བདེ་སྲུང་ལྷན་ཁང༌། བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་བྱ་རྒྱུ་དེ་ཡིན། བདེ་སྲུང་ཡན་ལག་ལྷན་ཁང་ནས་ྋགོང་ས་མཆོག་མཇལ་ཞུའི་ལས་རིམ་གོ་སྒྲིག་དང༌། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་དུས་ཚོད་འཕར་སྣོན་ཞུ་རྒྱུར་མང་ཚོགས་ལ་དགོས་ངེས་ཀྱི་མཐུན་འགྱུར་གནང་གི་ཡོད། བདེ་སྲུང་ཉམས་ཞིབ་ལས་ཁུངས་ནས་རྒྱ་གར་དང༌། བོད་ནང་གི་གནས་ཚུལ་བྱུང་རིམ་ཐོག་ཉམས་ཞིབ་གནང་གི་ཡོད།

       དྲུག་པ་ཕྱི་དྲིལ་ལྷན་ཁང༌། ཕྱི་དྲིལ་ལས་ཁུངས་ནས་བོད་མི་རྣམས་དང༌། རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ཆབ་སྲིད་དང༌། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་གནས་སྟངས་བཅས་ཀྱི་ཤེས་རྟོགས་གོང་འཕེལ་དུ་གཏོང་གི་ཡོད། ཕྱི་དྲིལ་ལས་ཁུངས་ནི། འབྲེལ་མཐུད་ལས་ཁུངས་ཀྱི་ངོ་བོར་གྲུབ་ཡོད་པ་དང༌། དེས་བཙན་བྱོལ་བོད་གཞུང་དང༌། རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབར་འབྲེལ་མཐུད་མཚམས་སྦྱོར་དང༌། མཉམ་ལས་ཀྱི་ཐོག་ནས་བོད་དོན་ཁྱབ་བསྒྲགས་གནང་གི་ཡོད། ལས་ཁུངས་འདིའི་ཁྱབ་ཁོངས་ཕྱི་རྒྱལ་རྒྱལ་ཁབ་བཅུ་གསུམ་ནང་སྐུ་ཚབ་དོན་གཅོད་ལས་ཁང་ཟུར་འཛུགས་གནང་ཡོད་ཅིང༌། གཞན་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྣར་ཐང་དཔར་ཁང་དང༌། བོད་གཞུང་ཀློག་ཀླད་སྡེ་ཚན། བོད་ཀྱི་འགྲེམས་སྟོན་ཁང་བཅས་ཡོད།

       བདུན་པ་འཕྲོད་བསྟེན་ལྷན་ཁང༌། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་སྨན་ཁང་ཆེ་བ་ ༦ དང༌། གཞི་རིམ་འཕྲོད་བསྟེན་བལྟ་སྐྱོང་གི་ཡན་ལག་སྨན་ཁང་ ༦༡ ཡོད། བཞུགས་སྒར་སྨན་རྩིས་ཁང་ནི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན། དེའི་ཁོངས་གཏོགས་སུ་རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ ༤༤ ཡོད། བདེ་ལེགས་སྨན་ཁང་དང༌། རྒྱ་བལ་གཉིས་སུ་སྨན་ཁང་ཆེ་ཆུང་ ༥༧ ཡོད།

       ཕྱི་རྒྱལ་ཁག་ཏུ་བཙུགས་པའི་བོད་ཀྱི་དོན་གཅོད་ཁག དོན་གཅོད་ཁང་ཁག་གང་དུ་བཙུགས་ཡོད་པ་དང༌། ས་གནས་གང་དུ་ཡོད་པ། ཟླ་ཚེས་གང་ལ་བཙུགས་པ་གཤམ་གསལ།

       ༡༽ རྒྱ་གར། ལྡི་ལི་གསར་པ། ཕྱི་ལོ་ ༡༩༦༠ ༢༽ བལ་ཡུལ། ཀཋ་མཎ་ཌུ། ༡༩༦༠ ༣༽ ཨ་རི། ནེའུ་ཡོག ༡༩༦༤ ༤༽ སུད་ཛ་ལེན་ཌ། ཇི་ནི་ཝ། ༡༩༦༤ ༥༽ ཉི་ཧོང༌། ཊོཀ་ཡོ། ༡༩༧༥ ༦༽ ཨིང་ལནཌ། ལོན་ཌོན། ༡༩༨༡ ༧༽ ཕ་རན་སི། པེ་རི་སི། ༡༩༩༢ ༨ ༽ ཨོ་སི་ཊི་ལི་ཡ། ཁེན་བེར་ར། ༡༩༩༢ ༩༽ ཨུ་རུ་སུ། མོ་སོ་ཁོ། ༡༩༩༣ ༡༠༽ ཧང་ག་རི། སྦུ་རྡ་པེས་ཊི། ༡༩༩༣ ༡༡༽ ལྷོ་ཨ་ཕི་རི་ཀ པྲི་ཊོ་རི་ཡ། ༡༩༩༧ ༡༢༽ ཐའི་ཝན། ཐའི་པེ། ༡༩༩༧ ༡༣༽ བེལ་འཇམ། སྦ་ར་སེལ། ༢༠༠༡ བཅས་སྐུ་ཚབ་དོན་གཅོད་ལས་ཁང་བཅུ་གསུམ་ཡོད་པ་དག་ཕྱི་དྲིལ་ལྷན་ཁང་གི་ཁྱབ་ཁོངས་སོ།།

       རང་དབང་ཅན་གྱི་སྡེ་ཚན་གསུམ། བཙན་བྱོལ་བོད་གཞུང་གི་གལ་ཆེའི་སྡེ་ཚན་ཁ་ཤས་ལ་རང་དབང་ཅན་གྱི་གནས་བབ་གནང་བ་དང༌། དེ་དག་གི་མཛད་གཙོ་རྣམས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐད་བསྐོས་གནང་གི་ཡོད། དེའི་རྒྱུ་མཚན་ནི་སྡེ་ཚན་དེ་དག་འཛིན་སྐྱོང་སྡེ་ཚན་གྱི་གནོན་ཤུགས་འོག་མ་ཚུད་པའི་ཆེད་དུ་ཡིན། རང་དབང་ཅན་གྱི་སྡེ་ཚན་གསུམ་ནི། ༡༽ སྤྱི་ཁྱབ་འོས་བསྡུ་ལས་ཁང༌། ༢༽ གཞུང་ཞབས་འདེམས་བསྐོ་ལྷན་ཁང༌། ༣༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་བཅས་ཡིན།

       བཙན་བྱོལ་བོད་གཞུང་གི་གསར་ཤོག་དང་དུས་དེབ་ཁག་འགྲེམས་སྤེལ་གནང་མུས་ཡོད་པ་གཤམ་གསལ།

       ཤེས་བྱ་དང༌། བོད་མིའི་རང་དབང༌། ཆབ་སྲིད་དྲིལ་བསྒྲགས། གངས་ལྗོངས་བྱིས་པའི་བརྙན་དེབ། ཕ་ཡུལ་ཤེས་བྱའི་བང་མཛོད། བོད་གནས་གསར་འཕྲིན། བོད་གནས་བསྐྱར་ཞིབ། ༼Tibetan  Review༽ དབྱིན་ཡིག དབྱིན་ཡིག་དུས་དེབ། ༼Tibetan Bulletin༽ དབྱིན་ཡིག རྒྱ་ཡིག ཧིན་དི། ཉི་ཧོང་གི་ཡི་གེ ཕ་རན་སིའི་སྐད་ཡིག་བཅས་ཀྱི་ནང་ཡོད། བོད་ཡུལ། ༼Tibetan Desh༽ ཧིན་དི།

       བཙན་བྱོལ་བོད་མིའི་མི་འབོར་ཚོད་དཔག རྒྱ་གར་ནང་ ༨༥༠༠༠ བལ་ཡུལ་ནང་ ༡༤༠༠༠ འབྲུག་ནང་ ༡༦༠༠ སུད་སི་ནང་ ༡༥༤༠ ཨ་རི་དང་ཁེ་ཎ་ཌའི་ནང་ ༧༠༠༠ ཡུ་རོབ་ཡུལ་གྲུ་ཁག་གཞན་ནང་ ༦༤༠ སིཀེནཌི་ནེ་ཝེཡ་ནང་ ༡༡༠ ཨོ་སི་ཊོ་ལི་ཡ་དང་ནིའུ་ཇི་ལེནཌ་ནང་ ༢༢༠ ཉི་ཧོང་ནང༌། ༦༠ ཐེ་ཝན་ནང་ ༡༠༠༠ བཅས་ཁྱོན་བསྡོམས་བཙན་བྱོལ་ནང་བོད་མི་ ༡༡༡༡༧༠ ལྷག་ཙམ་ཡོད།

       གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཀ༽ བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང༌། ༼ཕྱི་ལོ་ ༡༩༦༠ ལོར་བཙུགས།༽ ཁ༽ ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། ༼ཕྱི་ལོ་༡༩༦༤ ལོར་བཙུགས།༽ ག༽ བོད་ཀྱི་གཞོན་ནུ་ལྷན་ཚོགས། ༼ཕྱི་ལོ་ ༡༩༧༠། ༡༠། ༧ ལ་བཙུགས།༽ ང༽ བོད་ཀྱི་བུད་མེད་ལྷན་ཚོགས། ༼ཕྱི་ལོ་ ༡༩༨༤ ལོར་བཙུགས།༽ ཅ༽ རྒྱལ་ཡོངས་མང་གཙོ་ཚོགས་པ། ༼ཕྱི་ལོ་ ༡༩༩༡། ༩། ༡༩ ལ་བཙུགས།༽ ཆ༽ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། ༼ཕྱི་ལོ་ ༡༩༩༡། ༩། ༢༧ ལ་བཙུགས།༽ ཇ༽ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌། ༼ཕྱི་ལོ་ ༡༩༩༦། ༡ ལ་བཙུགས།༽

       དཔལ་འབྱོར་རམ་མི་མང་གི་འཚོ་རྟེན། སོ་ནམ་ཞིང་ལས་དང༌། བཟོ་ཞིང་མཉམ་འབྲེལ་ལས་རིགས། རུམ་འཐག ཕྱི་ཚོང༌། ཞབས་ཞུའི་ལས་རིགས། སུད་ཚོང་བཅས་ཡིན་ཞིང༌། དེ་ཡང༌། ཞིང་ལས་དང༌། སོ་ནམ་བཟོ་ལས། རུམ་གདན་ཚོང་འགྲེམས། དགུན་ཁའི་སུད་ཚོང་ཁག་ནི་རྒྱ་གར་ནང་གནས་སྡོད་བོད་མི་བརྒྱ་ཆ་བདུན་ཅུ་ཙམ་གྱི་དཔལ་འབྱོར་གྱི་ཡོང་ཁུངས་ཡིན།

       ཤེས་ཡོན། སྤྱི་ཡོངས་ནས་བཙན་བྱོལ་བོད་མིའི་ནང་གི་ཡི་གེ་འབྲི་ཀློག་ཤེས་པ་ནི་བརྒྱ་ཆ། ༦༥ ཙམ་ཡོད་པ་དང༌། སློབ་ལོ་སོན་པའི་སློབ་ཕྲུག་ཁྱོན་བསྡོམས་བརྒྱ་ཆ་ ༩༠ བར་སློབ་གྲྭར་འགྲོ་བཞིན་པ་ཡིན།

བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དུས་མཚམས་གཤམ་གསལ།

༡༽ བཙན་པོ་རིམ་བྱོན་གྱིས་ཕྱི་ལོ་ ༡༢༧ ནས་ ༦༢༩ བར་ལོ་ ༧༥༦།

༢༽ ཆོས་རྒྱལ་རིམ་བྱོན་གྱིས་ཕྱི་ལོ་ ༦༢༩ ནས་ ༨༤༢ བར་ལོ་ ༢༡༣།

༣༽ བོད་ཁམས་སིལ་བུའི་དུས་ཕྱི་ལོ་ ༨༤༢ ནས་ ༡༢༥༣ བར་ལོ་ ༤༡༡།

༤༽ ས་སྐྱའི་ཁྲི་འཛིན་རིམ་པས་ཕྱི་ལོ་ ༡༢༥༣ ནས་ ༡༣༥༨ བར་ལོ་ ༡༠༥།

༥༽ ཕག་གྲུའི་སྡེ་སྲིད་རིམ་པས་ཕྱི་ལོ་ ༡༣༥༨ ནས་ ༡༤༨༡ བར་ལོ་ ༡༢༣།

༦༽ རིན་སྤུངས་སྡེ་པ་རིམ་པས་ཕྱི་ལོ་ ༡༤༨༡ ནས་ ༡༥༦༥ བར་ལོ་ ༨༤།

༧༽ གཙང་པ་སྡེ་སྲིད་རིམ་པས་ཕྱི་ལོ་ ༡༥༦༥ ནས་ ༡༦༤༢ བར་ལོ་ ༧༧།

༨༽ དགའ་ལྡན་ཕོ་བྲང་པས་ཕྱི་ལོ་ ༡༦༤༢ ནས་ ༢༠༡༠ བར་ལོ་ ༣༦༨།

གོང་གསལ་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ནས་ ༢༠༡༠ བར་ལོ་ ༢༡༣༧། ཕྱིན་ཡོད་པ་བཅས་སོ།།

རྒྱྃལ་ཁབ་དབུ་བརྙེས་རྒྱྃལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ།།

རྒྱྃལ་ཁམས་སྐྱོང་བའི་རྒྱྃལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་གང་ཉིད་བར།།

རྒྱྃལ་སྲིད་གཙང་མའི་རྒྱྃལ་རབས་ལོ་རྒྱུས་རབ་འབྱམས་རྒྱ་མཚོ་ལྟ་བུ་ལས།།

རྒྱྃལ་རབས་འདི་ཉིད་རྒྱྃལ་ཁབ་སླར་གསོའི་ན་གཞོན་རྣམས་ཀྱི་དོན་དུ་བྲིས།།

བོདྃ་མིར་སྐྱེས་ཤིང་བོདྃ་ལ་ཞེན་པའི་བོདྃ་མིའི་ཤུལ་འཛིན་བོདྃ་རིགས་ན་གཞོན་སླད།།

བོདྃ་པའི་མིང་འཁུར་བོདྃ་དུ་འཚར་ཞིང་བོདྃ་ལ་ཞེན་པའི་བོདྃ་ཕྲུག་ཁོ་བོ་ཡིས།།

བོདྃ་པའི་གོས་གྱོན་བོདྃ་སྐད་སྨྲས་ཤིང་བོདྃ་མིའི་ཁྲོད་དུ་བོདྃ་ཀྱི་འཚོ་བ་བསྐྱལ།།

བོདྃ་མིར་མཁོ་བའི་བོདྃ་ཀྱི་རྒྱལ་རབས་བོདྃ་ཇ་འཐུང་ཞིང་བོདྃ་ཟས་ཟས་རིན་བྲིས།།

ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།