26
Fri, Apr

རྒྱལ་བ་ཇོ་ནང་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས་བཞིན་པའི་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧ལོའི་ཟླ་༡༡ཚེས་༢༨ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། བཞུགས་སྒར་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཉེ་འཁྲིས་སུ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་ཞེས་པ་དེ་མཇུག་སྒྲིལ་་གནང་ཡོད་འདུག

དེ་ཡང་འདི་ག་གསར་ཁང་དུ་འབྲེལ་ཡོད་པས་བཏང་བའི་གསལ་བསྒྲགས་གཤམ་གསལ་ལྟར་ལགས་ན་དེ་དོན་གཟིགས་ཞིབ་འཚལ། "ཕྱི་ལོ་༢༠༡༧ཟླ་༡༡ ཚེས་༢༥ནས་༢༨བར་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཇོ་ནང་དུས་འཁོར་གྲྭ་ཚང་གི་ལྷ་ཁང་དུ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང༌། ད་ལྟའི་གནས་བབ་གླེང་བ་ཞེས་པའི་བགྲོ་གླེང་དང༌། རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་སྐོང་འཚོགས་གནང་ཞིང༌། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང༌། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་པའི་གདན་ཞུའི་གཏམ་བཤད་པ་མཁས་དབང་རྣམ་པ་བདུན་དང༌། ཚོགས་ཞུགས་པ་དང་ཟུར་ཉན་བཅས་མི་གྲངས་བརྒྱ་ལྷག་འདུ་འཛོམས་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་དང༌། ལྟ་གྲུབ། དུས་འཁོར་སྦྱོར་དྲུག་ཉམས་ལེན་བཅས་ཀྱི་ཐད་བགྲོ་གླེང་ལྷུག་པོར་གནང༌།
ཚེས་ ༢༦ ནས་ཉིན་གཉིས་ཀྱི་རིང་དམིགས་བསལ་ཚོགས་ཆེན་ཐོག་ཨ་རི་དང༌། ཨིན་ཇི། ཨུ་རུ་སུ། སོག་པོ། བྷེལ་ལྗམ། མ་ལེ་ཤི་ཡ། བལ་ཡུལ། རྒྱ་གར་བཅས་རྒྱལ་ཁབ་བདུན་གྱི་ས་གནས་ཁག་ ༡༩ དང༌། དགོན་སྡེ་ཁག་ ༧ ཆོས་ཚོགས་ ༢༠ ཙམ་ནས་ཕེབས་པའི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༥༠ ཙམ་ལྷན་འཛོམས་ཀྱིས་གྲོས་ཆོད་ཁག་ལྔའི་སྟེང་གྲོས་བསྡུར་རིམ་པར་བྱས་མཐར། གྲོས་ཆོད་ཁག་བཅུ་གསུམ་སྤྱི་མོས་དང་མང་མོས་ཀྱིས་གཏན་འབེབས་གནང་རྗེས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས།"

༄༅།། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་གཤམ་གསལ།
ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༧ ཉིན།
གྲོས་གཞི་དང་པོ། ༧གོང་ས་མཆོག་གི་བཀའ་དགོངས་རྣམས་ལག་ལེན་ཡོང་ཐབས་དང༌། ཆོས་ལུགས་ཆོས་བརྒྱུད་ཁག་བར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོངས་ཐབས་སྐོར།
གྲོས་ཆོད།
ྋགོང་ས་རྒྱལ་བའི་དབང་པོ་མཆོག་གི་དགོངས་གཞི་གཙོ་བོ་གཅིག་ནི། ཆོས་ལུགས་མཐུན་སྒྲིལ་སྐོར་ཡིན་པ་ལྟར། དཔལ་རྒྱལ་བ་ཇོ་ནང་པའི་ངོས་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་ཆེད་ཆོས་བརྒྱུད་གཞན་གྱིས་བཀོད་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་སོགས་ལ་མཉམ་ཞུགས་དང༌། ཇོ་ནང་པའི་ངོས་ནས་ཀྱང་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་སོགས་གང་ཐུབ་བཀོད་སྒྲིག་བྱ་རྒྱུ། སྤྱི་མོས།
གྲོས་གཞི་གཉིས་པ། འཕགས་ཡུལ་ཇོ་ནང་འགྲོ་ལྷན་འཚོགས་ཀྱི་མ་འོངས་གནས་བབ་དང་ལས་ཀའི་ཁ་ཕྱོགས། རྒྱུན་གྲོན་དང་ལས་འགུལ་འགྲོ་སོང་འཚོལ་ཐབས་སྐོར།
གྲོས་ཆོད།
༡༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་མིང་ <རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་> ཞེས་པར་མིང་བསྒྱུར་བྱ་རྒྱུ་དང༌། དེའི་ཚོགས་གཙོའི་ཐུགས་འགན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེས་བཞེས་རྒྱུ། ལྷན་ཚོགས་ཀྱི་རྒྱུན་ལས་དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ནམ་ཚོགས་ཆེན་གང་རུང་ཞིག་གི་ཐོག་འོས་འདེམས་བྱ་རྒྱུ། སྤྱི་མོས།
༢༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཡོང་སོང་གི་འགན་ཡོངས་རྫོགས་ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པས་ཁུར་རྒྱུ་དང༌། ད་ཡོད་ལྷན་ཚོགས་ཀྱི་མ་དངུལ་ཡོད་ཚད་ཐེབས་རྩ་ཚོགས་པར་རྩིས་འབུལ་དང་འབྲེལ། ད་ནས་བཟུང་ལྷན་ཚོགས་ཀྱི་རྒྱུན་གྲོན་སོགས་ཐེབས་རྩ་ཚོགས་པ་ནས་སྔ་འདོན་ཞུ་རྒྱུ་དང༌། དེ་བཞིན་དུ་ཚོགས་ཆེན་དང་ལས་འགུལ་སོགས་ཀྱི་སྐབས་སུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་བཀོད་སྒྲིག་ཚོགས་ཆུང་ཟུར་འཛུགས་བྱ་དགོས། སྤྱི་མོས།
༣༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་གྲོན་ཆེད། ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པའི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ས་རྒྱུན་ཁག་བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་ཇོ་ནང་པ་རྣམས་ཀྱི་ས་ནས་ལོ་རེར་ཨ་སྒོར་ ༥༠ རེ་དང༌། ལོ་བཅོ་བརྒྱད་མན་ལ་ཕྱེད་བཅག་བྱས་ནས་བསྡུ་དགོས། སྤྱི་མོས།
༤༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་གྲོན་ཆེད། ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པའི་ངོས་ནས་རྒྱ་བལ་ཡུལ་འབྲུག་གསུམ་དང་རུ་སོག་སོགས་ཀྱི་ས་གནས་རྒྱུན་ལས་ཁག་བརྒྱུད་མི་རེས་ལོ་རེར་ཧིན་སྒོར་ ༡༠༠ རེ་དང༌། ལོ་བཅོ་བརྒྱད་མན་ལ་ཕྱེད་བཅག་བྱས་ནས་བསྡུ་དགོས། སྤྱི་མོས།
༥༽ ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པས་བཀོད་སྒྲིག་དང༌། ཇོ་ནང་དགོན་སྡེ་ཁག་གིས་མཐུན་འགྱུར་རྒྱབ་སྐྱོར། ཕྱི་རྒྱལ་དུ་ཡོད་པའི་ཇོ་ནང་ཆོས་ཚོགས་ཁག་དང༌། དེ་བཞིན་མི་སྒེར་བ་བཅས་ཀྱིས་མཐུན་གྱུར་འོག དཔལ་འབྱོར་འདུ་འགོད་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་སྐྱོད་གནང་ཐབས་ལ་འབད་པ་བྱ་རྒྱུ། སྤྱི་མོས།
གྲོས་གཞི་གསུམ་པ། དཔལ་ལྡན་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་མིན་དེ་རང་གཞུང་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་ལ་རག་ལས་ཡོད་པས། ཇོ་ནང་པའི་ངོས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་འཐུས་མི་དག་ལ་ཇོ་ནང་ཆོས་བརྒྱུད་གྱི་གནས་བབ་ངོ་སྤྲོད་ཆེད་འབྲེལ་ལམ་བཟུང་ཐབས་སྐོར།
གྲོས་ཆོད།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཁག་ས་གནས་གང་ཕེབས་དང་ས་གནས་གང་དུ་ཡོད་ན། དེར་ཡོད་ཇོ་ནང་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྤྱི་འཐུས་དེར་ཇོ་ནང་པའི་གནས་སྟངས་ངོ་སྤྲོད་གྱིས་མཚོན་པའི་བདེན་དོན་ལས་འགུལ་གང་ཐུབ་སྤེལ་རྒྱུ། སྤྱི་མོས།
གྲོས་གཞི་བཞི་བ། ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་གྲོས་ཚོགས་སྐབས་སམ། གྲོས་ཚོགས་གང་རུང་ཞིག་ཏུ་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཕྱོགས་སྐོར་གཞུང་འབྲེལ་ཁྲིམས་འཆར་ཁུར་ཐབས་སྐོར།
གྲོས་ཆོད།
༡༽ ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ འཁོད་པའི་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་ཚོགས་དུས་རྗེས་མ་ཞིག་ལ་ཁྲིམས་སྒྲིག་བསྐྱར་བཅོས་བསྣམས་དགོས་ཀྱི་འདུག་གམ། གཞན་ཐབས་ལམ་ཇི་དགེའི་སྐོར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བསྐྱར་དུ་གོ་བསྡུར་ལྷུག་ཙམ་བྱ་རྒྱུའི་ཐག་གཅོད་གནང་ཞེས་པར་ཡིད་ཆེས་ཀྱིས་རང་གཞུང་ཁྲིམས་བཟོ་ལྷན་ཚོགས་ལ་མུ་མཐུད་དུ་སྙན་ཞུ་འབུལ་རྒྱུ། ཚད་མཐོའི་མང་མོས།
༢༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞུང་འབྲེལ་ཁྲིམས་འཆར་ཁུར་རྗེས་འདོད་པ་ཁེངས་པའི་ཐག་གཅོད་ཅིག་མ་བྱུང་ཚེ། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་མགོ་འཛུགས་བྱ་རྒྱུ། ཚད་མཐོའི་མང་མོས།
གྲོས་གཞི་ལྔ་བ། བཙན་བྱོལ་དུ་ཡོད་པའི་དཔལ་རྒྱལ་བ་ཇོ་ནང་པའི་དགོན་སྡེ་ཁག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཆོས་ཚོགས་ཁག་སྲ་བརྟན་ཡུན་གནས་དང་སློབ་གཉེར་ཡར་རྒྱས་ཡོང་ཐབས་སྐོར།
གྲོས་ཆོད།
༡༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཇོ་ནང་དགོན་སྡེ་ཁག་ལ་དགེ་རྒན་གཏོང་ཕྱོགས་ཐད་ལམ་སྟོན་གནང་ཚེ། གདན་ས་ཁག་ཏུ་ཡོད་པའི་ཇོ་ནང་གྲྭ་བ་བསླབ་པ་རྒན་གྲས་དག་གིས་ཀྱང་དེ་ལ་གུས་བརྩི་དང་ལེན་གང་ནུས་ཞུ་དགོས་རྒྱུ་དང༌། ཕེབས་ཡུལ་དགོན་སྡེ་ཁག་གིས་དེ་ལ་མཐུན་འགྱུར་གང་ལེགས་གནང་དགོས། སྤྱི་མོས།
༢༽ ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བ་འདི་བརྒྱུད་ནས་གདན་ས་ཁག་ཏུ་ཡོད་པའི་ཇོ་ནང་པའི་གྲྭ་བ་བསླབ་པ་མཐར་ཕྱིན་པའམ། ཡང་ན་སློབ་མཐར་ཕྱིན་ལ་ཉེ་བ་རྣམ་པར་ཇོ་ནང་དགོན་སྡེ་སོ་སོར་ལོ་རེར་རེས་མོས་ཀྱིས་དགེ་རྒན་ལ་ཕེབས་རྒྱུར་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།
༣༽ བལ་ཡུལ་དོལ་པོར་ཡོད་པའི་ཇོ་ནང་པུ་དགོན་པའི་དབུ་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་དང་བཀའ་གྲོས་ཀྱིས། བཙན་བྱོལ་དུ་ཡོད་པའི་ཇོ་ནང་པའི་བླ་སྤྲུལ་རྣམས་གང་ཐུབ་ཀྱིས་པུ་དགོན་པར་ཆེད་ཕེབས་གནང་ནས་དབང་ལུང་ཆོས་ཁྲིད་སོགས་གནང་ཐབས་བྱ་རྒྱུ། སྤྱི་མོས།
༤༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཇོ་ནང་ཆོས་ཚོགས་ཁག་ལ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་འབྲེལ་ལམ་དམ་ཟབ་བྱ་རྒྱུས་མཚོན། ཆོས་ཚོགས་དེ་དག་གི་གནས་ཚུལ་ཁག་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་འགོད་རྒྱུ་བཅས་སོ།།
ཞེས་བཀོད་གནང་འདུག་པ་བཅས་ཀྱི་གནས་ཚུལ་དུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།