10
Tue, Dec

ྋ གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞིན་པའི་སྐུ་པར།

རྩོམ་ཡིག་གཞན།
Typography

ཟླ་ ༡༢ པའི་ཚེས་ ༡༠ ཉིན་ནི་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་བའི་ཤིན་ཏུ་སྐལ་བཟང་གི་དུས་སྟོན་ཁྱད་པ་ཅན་ཞིག་རིད། ཉིན་དེའི་ཞོགས་པ་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ་གྲ་རྒྱས་ཕུན་སུམ་ཚོགས་པའི་མཛད་སྒོའི་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་རང་རང་གི་འོས་བབས་ཀྱི་གསུང་བཤད་རྒྱས་ཤིང་རྒྱས་པ་གནང་སྲོལ་ཡོད།

དེ་ནི་ཆ་ཅན་དུས་ཆེན་དང་མཛད་སྒོ་སྐབས་སུ་ང་ཚོས་གོ་ཟིན་པའི་གསུང་བཤད་རྐྱང་རྐྱང་རེད། དེ་ལས་གཞན་པའི་འབྲེལ་ཡོད་ཁག་གི་གཏམ་བཤད་ཀྱང་དེ་ལས་མ་འདས། གཏམ་བཤད་ཀྱི་ལེའུ་རྫོགས་རྗེས་བོད་གཞུང་ཟློས་གར་གཙོས་པའི་སློབ་གྲྭ་ཁག་དང་། ཐོས་མྱོང་བ་དང་མ་མྱོང་བའི་ཚོགས་པ་མང་པོ་ཞིག་གིས་གཞས་དང་ཞབས་བྲོའི་འགོ་བཙུགས་ཏེ་ཉིན་གུང་ཁ་ལག་གི་བར་དུ་གླུ་གར་ལ་རོལ།

དེ་ནས་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་སླར་ཡང་གཞས་དང་ཞབས་བྲོ་མུ་མཐུད་དེ་ཕྱི་དྲོའི་ཁ་ལག་གི་དུས་ཚོད་ལ་ཐུག་གི་བར་འཁྲབ། གཞས་པ་དང་ཞབས་བྲོ་བ་དེ་དག་གིས་རང་རང་གི་ནུས་ཤུགས་ཡོད་ཚད་བཏོན་ནས་ལྟད་མོ་རྣམས་ཀྱི་དགའ་བསུ་ལ་རེ་བ་ནི་བཤད་མི་དགོས་པ་རེད། ལྟད་མོ་རྣམས་ཀྱིས་ནི་རང་རང་གི་སེམས་ཁམས་དང་མཐུན་མིན་དང་མོས་པ་ཡོད་མེད་ཀྱི་དབང་གིས་དགའ་བསུ་ཞུ་མིན་ཡང་གཅིག་ཏུ་མ་ངེས། ངས་ཀྱང་རང་གི་སྣང་བ་འགྲོ་ཤོས་ཀྱི་གཞས་དང་ཞབས་བྲོ་འཁྲབ་མཁན་ལ་དགའ་འབོད་དང་ཐལ་མོ་བརྡབས་པ་ཡིན། གཞས་དང་ཞབས་བྲོ་ཡག་ངན་གཅིག་ཏུ་མ་ངེས་ཏེ་དེ་ནི་མི་སྒེར་རང་རང་གི་སེམས་ཁམས་ལ་རག་ལས་པ་ངས་གསལ་པོ་ཤེས་ཀྱི་ཡོད།

གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཞས་དང་ཞབས་བྲོའི་བར་མཚམས་སུ་ཡང་ཡང་གསལ་བསྒྲགས་ཤིག་བྱེད་དུ་ཡོད་པ་ནི། དོ་དགོང་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ། ཕྱི་ལོ་༢༠༠༨ལོའི་ཆོལ་གསུམ་བོད་ཀྱི་ཞི་རྒོལ་ཆེན་པོའི་སྐབས་ཀྱི་དངོས་བྱུང་གཏམ་རྒྱུད་འཁྲབ་སྟོན་གྱི་ལམ་ནས་མང་ཚོགས་ལ་སྟོན་རྒྱུ་ཡིན་པ་དེ་རེད། དེ་སོང་ཙང་ང་ཡང་སྡོད་མ་ཐུབ་པར་རྡོག་སྣེ་ཟློས་གར་ཕྱོགས་སུ་འཕངས། དེར་ནམ་རྒྱུན་ལྟད་མོ་གཞན་དང་མི་འདྲ་བ་མི་ཚོགས་ཀྱང་ཤིན་ཏུ་མང་པོ་མཛོམས་འདུག་པས་སེམས་ལ་དགའ་ཚོར་ཡང་བྱུང་། གཏམ་རྒྱུད་འགོ་མ་བཙུགས་པ་ཅུང་སྒུག་དགོས་བྱུང་ཡང་ཉོབ་སྣང་གང་ཡང་མེད་པ་གཏམ་རྙོག་བཤད་ནས་བསྡད།

ཟློས་གར་འཁྲབ་སྟེགས་ཀྱི་ཡོལ་བ་དམར་པོ་དེ་ཕྱེ་བ་དང་ལྟད་མོ་དབུ་འཛུགས་ཀྱི་གཏམ་བཤད་བྱས་པ་ཉན་རྗེས། གཏམ་རྒྱུད་འཁྲབ་མཁན་དང་གཏམ་རྒྱུད་ཀྱི་རྒྱུད་རིམ་ཕལ་ཆེ་ཤེས་ཐུབ་པ་བྱུང་། གཏམ་རྒྱུད་དེ་ནི་བོད་མའི་༼སྐྱིད་སྡུག་མཉམ་མྱོང་ཚོགས་པས་༽གོ་སྒྲིག་བྱས་པ་ཞིག་རེད་འདུག་ལ། ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ནང་དངོས་སུ་ཞུགས་མཁན་བོད་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱིས་ཕྱུག་པའི་དཔའ་བོ་གཉིས་ཀྱང་མཇལ་བྱུང་། ཁོང་གཉིས་ཀྱིས་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་སྙིང་ཁོང་གི་རེ་འདུན་དང་། གཞིས་བཞུགས་བོད་མིའི་རེ་བའི་ཆ་འཕྲིན་ཡང་ཐོས་བྱུང་བས་སེམས་ནང་ཚོར་འདུ་མང་པོ་ཞིག་གིས་འཚང་ཁ་རྒྱག

གཏམ་རྒྱུད་ནི་ཆོལ་གསུམ་བོད་མིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱས་པའི་དངོས་བྱུང་བདེན་པ་ར་སྤྲོད་ཅིག་རེད། གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་ཤིན་ཏུ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཤ་སྟག་ལས་གྲུབ་འདུག་པས་ལྟད་མོ་བ་རྣམས། ལྐུག་བཀྱགས་སྟེང་ལ་འདུག་མི་བཟོད་པའི་སྐྱོ་གདུང་གིས་མནར་ཏེ་དབུགས་རིང་ཡང་ཡང་བཏང་བ་ཡང་མཐོང་བྱུང་། དངོས་བྱུང་གཏམ་རྒྱུད་ཀྱི་རྒྱུད་རིམ་རིམ་གྱིས་འཁྲབ་ཏེ་རྒྱ་དམག་གིས་བོད་མི་ཞི་རྒོལ་བ་རྣམས་འཇུ་བཟུང་གིས་རྡུང་རྡེག་ཚད་མེད་བཏང་དང་། ཤིན་ཏུ་ཉམ་ཆུང་བོད་མི་ཀུན་ལ་ཁ་ངན་ཚིག་ངན་གྱིས་ངར་བཤད་མང་དག་བྱས་པར་བརྟེན། ལྟད་མོ་བ་བོད་པའི་ཕོ་སར་ཞིག་གིས་སེམས་ཀྱིས་མ་བཟོད་པར་ཡར་ལངས་ཏེ་ཤོར་སོང་བས་གར་སྟེགས་སྟེང་གི་བོད་པའི་ཞི་རྒོལ་བ་རྡུང་བཞིན་པའི་རྒྱ་དཔོན་འཁྲབ་མཁན་སྟེང་ལ་མཆོང་། དེར་ཡོད་རོགས་པ་རྣམས་ཀྱིས་ཕོ་སར་དེ་ཟིན་ནས་གར་སྟེགས་འོག་ཏུ་ཁྲིད་ཟིན་མཚམས་སུ། གར་སྟེགས་སྟེང་ལ་ཡོད་པའི་ཞི་རྒོལ་བ་དང་རྒྱ་དཔོན་འཁྲབ་མཁན་གཉིས་ཀས་ཁ་གཅིག་གྲགས་ཀྱིས། ང་ཚོས་གཏམ་རྒྱུད་འཁྲབ་པའི་རྒྱུ་མཚན་ཡང་ཆོལ་གསུམ་བོད་མི་ཀུན་རྡོག་རྩ་ཆིག་སྒྲིལ་དང་སེམས་ཤུགས་སྤེལ་ཐབས་ཁོ་ནར་ཡིན། དེས་ན་དེ་འདྲའི་རྒྱབ་སྐྱོར་བྱེད་མཁན་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་མཐེ་མོ་བསྟན་ནས་སྤྲོ་བ་དཔག་མེད་ཀྱིས་བཤད་སོང་བས་དེར་ཡོད་ལྟད་མོ་ཀུན་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ཡོད་པ་གོར་ཆག གནས་ཚུལ་དེས་དང་པོ་ངའི་སེམས་ནང་རྔམ་འཚབ་ཅུང་ཟད་བྱུང་ཡང་གོང་གི་བུ་རྒོད་གཉིས་ཀྱི་སྐད་ཆ་དེས་ཞི་འཇམ་དུ་བཏང་སོང་། དེ་ནས་གཏམ་རྒྱུད་འཁྲབ་སྟོན་ཚར་བ་དང་འཁྲབ་སྟོན་པ་དང་གོ་སྒྲིག་པ་ཀུན་གྱིས་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་། བོད་ཀྱི་རྒྱལ་དར། ནང་པའི་ཆོས་དར་བཅས་མཁའ་དབྱིངས་སུ་བསྒྲེངས་ནས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་སྟེ་མཇུག་ལེགས་པར་སྒྲིལ།