18
Thu, Apr

༢༠༡༩ལོའི་ཟླ་༨་ཚེས་༣་ཉིན། ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་འཕྲད་གནང་སྐབས། པར། རྒྱལ་བ་རིན་པོ་ཆེའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༣་ཉིན། རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་། ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་མཛད་སྒོ་ཐོག སྐུ་ཞབས་ཌེ་ཝི་ཌི་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་། ཐུན་མིན་སྐད་ཡིག བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀས་ཞལ་གཅིག་གྲགས་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་བྲལ་ནས་མི་ཡུལ་ནང་དཀའ་ངལ་ཡོད་པར་ང་ཚོས་ཤེས་ཀྱི་ཡོད། ཅེས་གསུངས་འདུག

དེ་ཡང་། ཕེབས་བསུའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་ཚང་འཛོམས་གནང་འདུག་ཅིང་། དེའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་ (David Price)ལགས་ཀྱིས། ང་ཚོ་རྡ་སར་དུས་ཚོད་རིན་ཐང་ཅན་ཞིག་ངང་བསྐྱལ་བ་ཡིན། ཁྱེད་རྣམ་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་འཚམས་འདྲི་གནང་གི་འདུག ལྕམ་སྐུ་ལགས་ལོ་གཅིག་སྔོན་ཙམ་ལ་འདིར་ཕེབས་པ་རེད། ཁོ་མོ་ནི་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་རེད། ལོ་མང་རིང་ནས་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་ཁུར་ཧ་ཅང་གནང་མཁན་ཞིག་རེད། ཐེངས་འདིར་ང་ཚོ་རྡ་སར་བཅར་རྒྱུ་དེར་ཡང་ལྕམ་སྐུ་ལགས་ཀྱིས་རོགས་པ་ཧ་ཅང་གནང་བྱུང་། དེར་བརྟེན་ལྕམ་སྐུ་ལགས་ཀྱིས་གནང་བའི་འཚམས་འདྲི་འདི་ཁྱེད་རྣམ་པར་འབུལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁ་སང་ང་ཚོ་འདིར་ཡོང་སྐབས་ལམ་གྱི་གཡས་ཡོན་དུ་ཨ་རིའི་རྒྱལ་དར་ཧ་ཅང་མང་པོ་མཐོང་སྐབས་སེམས་ནང་དགའ་ཚོར་ཧ་ཅང་བྱུང་ཞེས་དང་།

དེ་རིང་སྔ་དྲོར། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་བཅར་ཞུས་པ་ཡིན། སྐབས་དེར་ང་ཚོས་མགོན་པོ་གང་ཉིད་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་སྐོར་ལའང་རྒྱུས་ལོན་བྱས་ཐུབ་བྱུང་། མཇལ་ཁའི་སྐབས་ཀྱི་མྱོང་ཚོར་དེ་ནི་དུས་ནམ་ཡང་རྗེད་ཐབས་མེད་པ་ཞིག་རེད། དེ་ལྟ་བུའི་མཇལ་ཁ་དེ་ནི་མི་ཚེའི་ནང་ཐེངས་གཅིག་པོ་དེ་རེད། གང་ཉིད་ལ་མཚོན་ན་ཨ་རིར་ཕྱི་ལོ་ ༡༩༧༩ ལོར་ཆེས་ཐོག་མ་ཆིབས་སྒྱུར་བསྐྱངས་ཡོད། དེར་སྔ་སྲིད་སྐྱོང་མཆོག་གིས་ང་ཚོ་རྡ་སར་ཡོང་རོགས་གསུངས་བྱུང་། ཕྱོགས་མཚུངས་ང་ཚོ་དེ་རིང་འདིར་བཅར་ཐུབ་པ་ནི་ངས་གོང་དུ་བརྗོད་པ་ལྟར་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་། ཐུན་མིན་སྐད་ཡིག བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀས་ཞལ་གཅིག་གྲགས་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་བྲལ་ནས་མི་ཡུལ་ནང་དཀའ་ངལ་ཡོད་པར་ང་ཚོས་ཤེས་ཀྱི་ཡོད་གསུངས་པ་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། གཞན་ཡུལ་དུ་རང་མི་རིགས་ཀྱི་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་ལ་ཁྱེད་ཚོས་གདོང་ལེན་གང་ཐུབ་གནང་བཞིན་ཡོད། ང་ཚོ་ཨ་རིའི་གྲོས་ཚོགས་ངོས་ནས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་ཡུན་རིང་ནས་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་ཐུབ་པར་དགའ་སྤོབས་ཧ་ཅང་བྱུང་། ཨ་རིའི་གཞུང་གིས་ཨ་རིའི་རོགས་ཚོགས་( USAID) དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་ང་ཚོས་མུ་མཐུད་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་འཚོ་བ་ཡར་རྒྱས་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཞེས་དང་།

ལྷག་པར་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཞུ་ཐོག བོད་མི་མི་རབས་གསར་པའི་ཁྲོད་འགོ་ཁྲིད་སྐྱེད་སྲིང་ཆེད། མཐུན་འགྱུར་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ཐབས་ལམ་འདྲ་མིན་ཐོག་ནས་རོགས་རམ་བྱེད་བཞིན་ཡོད། དཔེར་ན་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལྟ་བུ་གསར་འགྱུར་བརྒྱུད་ལམ་ཐོག་ནས་རེད། དེ་བཞིན་ཤེས་ཡོན་བརྗེ་ལེན་ཐོག་ནས་ཀྱང་མཐུན་འགྱུར་རོགས་རམ་ཞུ་མུས་ཡིན་གསུངས།

ང་རང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་ཁྱོན་དུ་གནས་པའི་བོད་མི་ཚོས་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཧ་ཅང་གནང་བ་མཐོང་སྐབས་ངོ་མཚར་སྐྱེ་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན། རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཕེབས་བསུའི་མཇལ་དར་ཕུལ་རྗེས། བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་འདུག དེ་ནས་བཀའ་ཤག་ངོས་ནས་སྐུ་མགྲོན་རྣམ་པར་དགོང་ཚིགས་འདེགས་འབུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།