26
Fri, Apr

༢༠༡༨ལོའི་དགེ་ལྡན་འཇང་དགུན་ཆོས་ཆེན་མོ་འཚོགས་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༡༡ཚེས་༢༦ཉིན། དགེ་ལྡན་འཇང་དགུན་ཆོས་ཆེན་མོ་དེ་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་ཚོགས་གནང་ཡོད་པ་དང་གདན་ས་ཆེན་མོ་ཁག་གསུམ་གྱི་གྲྭ་ཚང་དྲུག་དང་སློབ་གཉེར་བ་སྟོང་ཕྲག་བཞི་ལྷག་ཕེབས་ཡོད་པ་དང་། སྐབས་དེར་སེ་ར་བྱེས་སྨད་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་ཁག་གཉིས་ནས་དགེ་འདུན་པ་རྣམས་ལ་སྨན་པས་རྟག་དཔྱད་དང་གསོལ་སྨན་སོགས་རིན་མེད་ཐོག་གནང་ཡོད་རེད།

དེ་ཡང་༢༠༡༨ལོའི་དགེ་ལྡན་འཇང་དགུན་ཆོས་ཆེན་མོ་ཟླ༡༡ ཚེས་༢༤ཉིན་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་ཚོགས་གནང་སྟེ། བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་དགེ་བསྐོས་རྣམ་གཉིས་ཀྱིས་བཀའ་སློབ་ཟབ་མོ་གནང་དོན་སློབ་གཉེར་སྤུས་དག་པོ་བྱེད་དགོས་ལུགས་དང་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཚུལ་བཞིན་བསྲུང་དགོས་ཚུལ་སོགས། མདོར་ན། ཐོག་མ་ཀུན་སློང་བཟང་པོ་དང་བར་དུ་སློབ་གཉེར་ཧུར་ཐག་མཐའ་མ་དགེ་རྩ་བསྔོ་རྒྱུ་ཡོད་པ་ཞིག་གནང་དགོས་ཚུལ་གསུངས་སོང་།

དགེ་ལྡན་འཇང་དགུན་ཆོས་ཆེན་མོར་མཉམ་ཞུགས་གནང་མཁན་ནི་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་། གསང་ཆེན་རྒྱུད་གྲྭ་སྟོད་སྨད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། ར་སྟོད་བདེ་བ་ཅན་གྲྭ་ཚང་། བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གཞུང་ཆེན་སློབ་གཉེར་བ་སྟོང་ཕྲག་བཞི་ལྷག་ཕེབས་ཡོད་པ་དང་། སྐབས་དེར་སེ་ར་བྱེས་སྨད་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་ཁག་གཉིས་ནས་དགེ་འདུན་པ་རྣམས་ལ་སྨན་པ་དང་གསོལ་སྨན་སོགས་རིན་མེད་གནང་ཡོད་པ་མ་ཚད་།

བྱེས་སྨད་གཉིས་ནས་འདུས་ཚོགས་དགེ་འདུན་པ་རྣམ་པ་ལ་བཞུགས་ས་དང་ཞལ་ལག་སོགས་ལེགས་པོར་གྲལ་སྒྲིག་གནང་འདུག སྤྱིར་ལོ་ལྟར་ཟླ་བ་གཅིག་རིང་འཚོག་བཞིན་ཡོད་ཀྱང་འདི་ལོའི་སྤྱི་ཟླ་ ༡༢ ནང་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་ཆོས་ལ་ཕེབས་དགོས་ཀྱི་དབང་གིས་ཉིན་ཉེར་གཉིས་རིང་གྲུབ་པ་གནང་རྒྱུ་རེད་འདུག།

ལྷོ་ཕྱོགས་ནས་བྱམས་པ།