26
Fri, Apr

མཇལ་ཁ་སྩོལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁྱེད་ཚོ་ལྟ་བུ་དང་བླངས་ཐོག་ནས་ལས་ཀ་བྱེད་བཞིན་ཡོད། ཧ་ཅང་ཡག་པོ་རེད། བོད་མི་རིགས་ཀྱི་ལ་ཞེན་མཚོན་བཞིན་ཡོད་ཅེས་༧གོང་ས་མཆོག་གིས་དང་བླངས་ཞབས་ཞུ་བ་རྣམས་ལ་བཀའ་བསྩལ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༤་ཉིན གྱི་སྔར་དྲོར་༩་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་(tibetcorps )བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་དང་བླངས་ཞབས་ཞུ་སླད་བཅར་བའི་མི་གྲངས་ ༡༥ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བ་ཚགས་ཚུད་ཤོས་ཤིག་ཡིན། དེ་འདྲ་ཡོང་བ་དེ་མི་མང་གིས་སེམས་ཁུར་བླངས་ནས་འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་རེད་འདུག་ཅེས་དང་།

ཁྱེད་ཚོ་ལྟ་བུ་དང་བླངས་ཐོག་ནས་ལས་ཀ་བྱེད་བཞིན་ཡོད། ཧ་ཅང་ཡག་པོ་རེད། བོད་མི་རིགས་ཀྱི་ལ་ཞེན་མཚོན་བཞིན་ཡོད། ང་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བྱས་ནས་ཕལ་ཆེར་བརྗོད་ན་འགྲིག་མིན་མི་ཤེས། ཀློ་པའི་བཟོ་འདྲ་དེ་འདྲ་མ་རེད། བོད་མི་རིགས་འདི་ཧ་ལས་པ་རེད་འདུག ཀླད་པའང་ཧ་ལས་པ་རེད། དེང་དུས་ཤེས་ཡོན་ནང་བོད་སྐད་ཀྱི་མ་འདང་བ་དེ་འདྲ་ཡོང་སྲིད་པ་མ་གཏོགས། གཞན་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ལོ་རྒྱུས་ཐོག་ནས་དངོས་གནས་མཁས་པའི་བསྟི་གནས་ཤིག་རེད། ནཱ་ལེནྡྲའི་གཞུང་དེ་དག་འགྲེལ་བཤད་རྒྱག་རྒྱུར་བོད་སྐད་དེ་ཡག་ཤོས་རེད་འདུག དེར་བརྟེན་བོད་སྐད་ཀྱི་ཚིག་ཇི་ཙམ་འབེལ་པོ་ཡོད་པ་དང་། ལྷག་པར་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དེ་ཚོའི་གྲས་ལ་བོད་སྐད་ཧ་ལས་པའི་ཕྱུག་པོ་རེད་འདུག དེར་བརྟེན་ང་ཚོས་མི་རིགས་ཀྱི་ཞེན་ཁོག་བྱེད་ཆོག་པ་ཞིག་ཀྱང་རེད་འདུག

ངོས་ཀྱིས་དེང་དུས་སློབ་སྦྱོང་སྐོར་གང་ཡང་བསླབ་མེད། ཨིན་ཇི་ཐེབས་ཆག་ཅིག་ཤེས་ཀྱི་ཡོད། ཨིན་སྐད་ཐོག་མ་འགོ་འཛུགས་རྒྱུ་དེའང་ཕྱི་ལོ་ ༡༩༤༧ ལོ་ཙམ་ནས་འགོ་བཙུགས་པ་ཡིན། ད་དུང་ཡང་ཡག་པོ་ཤེས་ཀྱི་མེད། བསམ་བློ་གཅིག་གཏོང་སྐབས་ངོས་ཀྱིས་ཨིན་སྐད་ཤེས་དགོས་པ་གང་ཡང་མི་འདུག་བསམ་པ་དྲན་གྱི་འདུག ཐེབས་ཆག་ཅིག་ནི་ཤེས་ཀྱི་ཡོད། ངོ་ཐོག་ཤེས་དགོས་པ་དེ་ང་ཚོའི་བོད་པའི་ཡི་གེའི་ནང་ཡོད་པའི་སེམས་ཁམས་རིག་པ་དང་། དེ་བཞིན་དངོས་ཁམས་རིག་པ་དེ་ཚོའི་གྲས་ཧ་ལས་པའི་གཏིང་ཟབ་པོ་འདུག དེར་བརྟེན་ངོས་ཀྱིས་འབོར་ཤོབ་ཤོད་རྒྱུ་འདི་རེད། ཚན་རིག་པ་དེ་འདྲ་དང་ཐུག་སྐབས་ངོས་ཀྱི་ཞབས་འདྲེན་རྩ་བ་ནས་ཞུ་ཡི་མེད། ངོས་ཀྱིས་གྲྭ་ཆས་གྱོན་པར་བརྟེན་སྐབས་རེ་གྲྭ་པ་ལྐུགས་པ་ཞིག་མིན་འགྲོ་བསམ་པ་ཡོང་མདོག་ཁ་པོ་མ་རེད། གལ་སྲིད་བྱུང་བ་ཡིན་ན་མཇུག་དེར་ཚང་མ་ཧ་ལས་ནས་སྡོད་རྒྱུ་རེད། ཅེས་ཞལ་ཤོབ་དང་སྦྲགས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་སྩལ་འདུག

ཇི་སྲིད་ང་ཚོ་བཙན་བྱོལ་ལ་ཡོད་པའི་སྒྲིག་འཛུགས་འདི་ཚགས་ཚུད་ངང་གནས་ཐུབ་པ་དེ་སྲིད་དུ་རང་དབང་ལུང་པའི་ནང་ཡོད་པའི་བོད་ཀྱི་ཤེས་ཡོན་དེ་དག་འཛིན་ཐུབ་བཞིན་ཡོད། སྤྱི་པའི་སྒྲིག་འཛུགས་འདི་ཚགས་ཚུད་པོ་ཞིག་མ་བྱུང་ན་ཁག་པོ་ཡོད། ཧུར་ཐག་བགྱིས་ཤོག ཅེས་བཀའ་སློབ་བསྩལ་ཡོད་འདུག