14
Fri, Dec
21 New Articles

གངས་ཅན་པའི་ཕོ་རྒོད་ཨ་འབྲུག་མགོན་པོ་བཀྲ་ཤིས།

རྩོམ་ཡིག་གཞན།
Typography

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༤ཉིན། གླེང་གཞི། ཚང་མས་ཤེས་གསལ་ལྟར་གནའ་ནས་ད་བར་འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་བཅོམ་མཁན་བཙན་པོའི་བྱེད་ལས་རྫོགས་མྱོང་མེད་ཅིང༌། སེམས་ཅན་གྱི་བདེ་རྩ་བཅོམ་མཁན་དྲག་པོའི་གཉའ་གནོན་ཡང་སྟོང་མྱོང་མེད།

བོད་ཀྱི་གནའ་དཔེ་ལྟར་ན་མི་སུམ་ཅུར་སྣང་བ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཅེས་པ་ལྟར། འགྲོ་བ་མིའི་རིགས་ལ་འཇིག་རྟེན་འདིའི་སྒང་ནས་འཚོ་ཐབས་སྣ་ཚོགས་ཡོད་པ་བཞིན། ལ་ལས་མིའི་རིགས་ཀྱི་དབུ་འཕངས་མཐོན་པོ་དེ་དྲག་པོའམ་བཙན་ཤེད་ཅན་གྱི་གཉའ་གནོན་འོག་ཞུམ་ཞུམ་ཞི་མི་ལྟར་འཇིགས་སྐྲག་དང་བག་འཁུམ་ནས་འཚོ་བཞིན་ཡོད་ལ། རེ་འགས་བློ་སྟོབས་དང་སེམས་ཤུགས་སྤེལ་ནས་བཙན་པོར་རྒོལ་ཕོད་ཀྱི་དཔའ་ངར་དང་བློ་གྲོས་བསྐྱེད་དེ་རང་གི་བྱ་བྱེད་ཀྱི་ཐོག་ནས་དྲག་པོར་རྒོལ་ཕོད་ཀྱི་མི་ལུས་རིན་ཆེན་གྱིས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་དགོས་པ་ལས་གཅིག་འོག་གཅིག་གནོན་གྱི་འཚོ་མི་དགོས་པའི་སྙིང་པོ་འགྲེལ་གྱི་ཡོད་པ་རེད། གཡོ་འཕྲུལ་དང་ངན་པར་གུས་འདུད་བྱེད་པ་ནི་བྲན་གཤིས་ཀྱི་འཆིང་ཐག་གིས་དམ་དུ་བསྡམས་ཟིན་པའི་སྡུག་སྦྱོར་གྱི་སྨྲེ་ངག་དང་ཆོ་ངེ་ཙམ་སྒྲོག་མི་ཕོད་མཁན་གྱི་དུད་འགྲོ་གསོན་པོ་དེ་དག་ཡིན་པ་ནི་མིག་ཡོད་ཚད་ཀྱིས་མཐོང་ཐུབ་པའི་ཡ་ང་བའི་གནས་སྟངས་སྐྱུར་མོ་ཞིག་རེད། འདས་ཟིན་གངས་ཅན་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་དེར་ཕྱི་འདང་རེར་རྒྱབ་ཚེ། བོད་ཀྱི་ཕོ་རྒོད་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་པའི་རང་རིགས་ཀྱི་དྲང་བདེན་དང་རང་དབང་ཆེད་དུ་ཡོངས་རྫོགས་ཕངས་མེད་བློས་བཏང་ཟིན་པའི་གཏོང་ཕོད་ཅན་ཡོངས་ཀྱི་སྙིང་སྟོབས་ནི།དུས་སྐབས་གང་གི་དུས་སུ་ཡིན་རུང་བོད་ཁ་བ་ཅན་གྱི་མི་རྣམས་ལ་མེད་དུ་མི་རུང་བའི་མི་རིགས་ཀྱི་ལ་རྒྱ་འཛིན་པའི་སྲོག་ཤིང་ཡིན་ལ།བཙན་པོ་དབང་ཡོད་ཀྱི་ཉམས་ང་བ་མྱོང་དགོས་པའི་ཛ་དྲག་གི ་དུས་འདིར་དེ་བའི་དགོས་མཁོ་ཤིན་ཏུ་ཆེ་བའི་སྨྲོས་མེད་ཀྱི་སྤོབས་པ་དང་གཟི་བརྗིད་ཅིག་རེད།

ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས།

རང་རིགས་ལ་དོན་དམ་གྱི་ཞི་བདེ་ཡོང་ཕྱིར།འདིར་དགོས་པའི་དབང་གིས་བདེན་དོན་ཁོ་ནར་ཐུགས་སུ་བཅངས་ཏེ་སྒེར་གྱི་རྒྱུ་ནོར་ལོངས་སྤྱོད་དང་བཅས་པ་ཡོངས་རྫོགས་བློས་བཏང་ཟིན་པའི་བོད་ཀྱི་ཕོ་རྒོད་ཨ་འབྲུག་མགོན་པོ་བཀྲ་ཤིས་སྒེར་གྱི་ལོ་རྒྱུས་དེབ་ལི་ཐང་བློ་བསྟན་ལགས་ཀྱིས་རྩོམ་བྲིས་གནང་བའི་ཨ་འབྲུག་ཚང་གི་ལོ་རྒྱུས་ཅེས་པར་སྐྱར་ཞིབ་གཅིག་བྱེད་ན་ཁོང་ནི ་ཕྱི་ལོ་1906ལོར་བོད་ཁམས་ལི་ཐང་མོ་ལ་ཞིང་ཁ་སྐྱ་གྲོང་དུ་ཁྱིམ་རྒྱུད་ཨ་འབྲུག་ཚང་ཞེས་པའི་ཚོང་པའི་ཁྱིམ་ནང་སྐུ་འཁྲུངས། ཆུང་དུས་ཁྱིམ་དུ་རྫི་བོ་བྱས་ཤིང་ཡུལ་སྲོལ་ལྟར་རྟ་རྒྱུགས་མདའ་འཕེན་གྱི་རྩེད་རིགས་ལ་མཉེས་པོ་ཡོད་འདུག ལོ་13ནས་བཟུང་སློབ་གཉེར་འགོ་བཙུགས་པ་དང༌། ཆོས་ཆོ་གའི་ཕྱག་ལེན་སོགས་ཀྱི་སྔོན་འགྲོ་སྦྱང་ཞིང༌། ལི་ཐང་དགོན་དུ་སློབ་གཉེར་བྱས། དགོང་ལོ་བཅུ་བདུན་སོན་སྐབས་ཡུལ་ལུང་དུ་ཇག་ཚོགས་ཀྱི་གནོད་སྐྱོན་འབྱུང་སྟབས། དེར་འཐབ་ཕྱིར་ཡུལ་དགོན་དང་འགོ་གཙོ་རྣམས་ཀྱིས་ཡུལ་དམག་འདེམས་པར་དངས་བླངས་ངང་ནས་བཞུགས། རྟ་བཟང་པོ་ནམ་མཁའི་བྱ་ཆུང་འདྲ་བ་ཞིག་ལ་བཞོན། བོག་བཟང་པོ་ནམ་མཁའི་ཐོག་འདྲ་བ་ཞིག་ཁུར་ནས་ཡུལ་གྲོང་གི་བདེ་འཇགས་སྲུང་ཕྱིར་གྲོང་པའི་ཕོ་གསར་གཞན་དང་མཉམ་དུ་ཇག་རྐུན་རྣམས་དང་གཡུལ་འཐབ་ཐེངས་མང་བྱས་རྐྱེན་དམག་འཐབ་ཀྱི་ཉམས་མྱོང་མི་དམན་ཙམ་བསགས་ཐུབ་པ་བྱུང༌། དེ་རྗེས་ཀྱང་མཚོན་ཆའི་རིགས་ལ་དོ་སྣང་བྱེད་སྐབས་སུ་དྲིན་ཆེན་ཡུམ་ཆེན་མས་མི་བསད་རྟ་འགྱེལ་གྱི་སྡིག་ལས་བྱེད་མི་ཉེན་པའི་བྱམས་བརྩེའི་བསླབ་བྱ་དང་ཤ་ཚ་བའི་ལམ་སྟོན་མང་པོ་གསུངས་བར་བརྟེན་ནས་ལས་རྒྱུ་འབྲས་ལ་སྲུང་བརྩི་གནང་མཁན་རང་བཞིན་གྱི་བཟང་པོ་ཞིག་ཡིན་པ་རེད། འོན་ཀྱང་ཨ་འབྲུག་ཕོ་ལོ་ཉེར་གཅིག་སྐབས་དྲིན་ཆེན་མ་ལོ་ཕྱི་མིའི་ཡུལ་དུ་གཤེགས། དེ་ནས་བཟུང་ཁམས་རིགས་ཚོས་ཕ་ཤུལ་བུས་འཛིན་གྱི་ཡུལ་སྲོལ་ལྟར་ཁྱིམ་གྱི་ཚོང་ལས་འགོ་བཙུགས་ཤིང༌། སྤུན་མཆེད་ཀྱིས་མཛུབ་སྟོན་འོག་ཕྱོགས་བཞི་མཚམས་བརྒྱད་དུ་ཇ་ཚོང་དང་དངུལ་ཚོང་ནས་འགོ་བརྩམས་ནས་འབད་བརྩོན་ཧུར་ཐག་བྱས།དུས་མཚུངས་སུ་ཨ་འབྲུག་མགོན་པོ་བཀྲ་ཤིས་ནི་བོད་སྲོལ་རྒྱུན་གྱི་ལམ་ལུགས་ལྟར་ནང་ཆོས་ལའང་དད་པ་དག་སྣང་གི་བུ་བཟང་པོ་ཞིག་ཡིན་པར་གསལ་ཡང༌།ད་དུང་ཡང་ལོ་རྒྱུས་ཀྱི་རྒྱུ་ཆ་ཁག་ཏུ་ཁོང་བྱིས་པའི་དུས་ཀྱི་ལོ་རྒྱུས་ཞིབ་ཕྲར་འཁོད་ཐབས་མ་བྱུང ་བར་བརྟེན། འདི་གུས་མོའང་སྨྲ་བསམ་བརྗོད་མེད་ཀྱི་གནས་སུ་གྱར་འདུག་གོ

གཞན་དཔྱད་གཞི་ཡོད་པའི་ལོ་རྒྱུས་ནང་འཁོད་གསལ་ལྟར་ན་ཕྱི་ལོ་1949ལོར་སྐབས་དེའི་དུས་བོད་གང་སར་རྒྱ་དམག་སིལ་འཛུལ་བྱས་པ་སོགས་ཀྱིས་གནས་སྟངས་ཟང་ཟིང་ཡོད་མུས་བཞིན། ཨ་འབྲུག་མགོན་བཀྲའི་ཚོང་ཟོག་དམར་དམག་གིས་གཞན་དོན་ལ་བསྙད་འདོགས་ཀྱིས་འཕྲོག་བཅོམ་ཤོར་བ་དང༌། དེ་མིན་རྒྱ་དམག་གི་ལོགས་སྤྱོད་སྣ་ཚོགས་ཀྱང་ཁོང་གིས་མཐོང་ཐོས་མྱོང་གསུམ་གྱིས་དམར་དམག་དེ་སྙིང་རྗེ་མེད་པའི་དྲག་དཔུང་ཡིན་པར་མཁྱེན་རྟོགས་བྱུང་ཞེས་གསུངས་འདུག་པ་བཞིན་དོན་དངོས་གནས་སྟངས་ཀྱི་ཐོག་ནས་ཀྱང་ར་སྤྲོད་གསལ་པོར་བྱུང་ཡོད་པ་རེད། ཕྱི་ལོ་1954ལོར་ལྷ་སའི་ཆོས་ཀྱི་ཞིང་ཁམས་སུ་ཨ་འབྲུག་མགོན་བཀྲས་ྋགོང་ས་མཆོག་ཐོག་མར་མཇལ་བཅར་གྱི་གོ་སྐབས་ཐོབ་དུས་བོད་གང་སར་གྱི་གནས་སྟངས་ཛ་དྲག་རྣམས་སྙན་སེང་ཞུས་ཤིང་འབུལ་བ་རྒྱ་ཆེར་ཡང་ཕུལ་ཡོད་པ་རེད། དུས་དེར་གསང་བའི་སྒོ་ནས་བོད་དོན་ཡིག་ཆ་འགྲེམས་སྤེལ་ཡང་བྱས་པ་སོགས་ཀྱིས་ཁོང་རྒྱ་མིས་དོགས་པའི་ཁོངས་སུ་གྱུར།

ཕྱི་ལོ་1957ལོར་ལྷ་སའི་གྲོང་ཁྱེར་གང་སར་ངོ་རྒོལ་གྱི་ལས་མང་བརྩམས་པར་བརྟེན་ཨ་འབྲུག་མགོན་བཀྲས་བཙན་པོར་ངེས་པར་དུ་ངོ་རྒོལ་གྱི་དགོས་མཁོར་གཟིགས་ཏེ་བློ་སྟོབས་དང་ལ་ཞེན་ཅན་གྱི་བོད་པའི་ཚོང་པ་གཙོས་པའི་དངས་བླངས་ཀྱིས་རང་མི་རིགས་ཀྱི་རང་དབང་ཆེད་དུ་ལེགས་སྐྱེས་ཕུལ་རྒྱུའི་དམ་བཅའ་རྡེ་རྗེ་བྲག་ལ་བརྐོས་པ་ལྟར་བཞག དེ་རྗེས་ཀྱང་དྲག་པོར་རྒོལ་བའི་གཡུལ་འཐབ་ནང་ཐེངས་མང་སྨས་སྐྱོན་བྱུང་ཡང༌། བདེན་པའི་བསམ་འདུན་ལ་འགྱུར་མེད་སྲ་བརྟེན་གྱིས་རང་རིགས་ཀྱི་བདེ་རྩར་སྨན་པའི་བྱ་བ་དང་བྱས་རྗེས་ཇི་སྙིད་འཇོག་ཡོད་པ་རེད། སྐབས་དེའི་ཡུལ་དུས་ཛ་དྲག་དབང་གིས་གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མི་ཚོ་ཞིག་ཡུལ་གྱར་དུ་བཙན་གྱིས་བྱོལ་དགོས་བྱུང་རྗེས་ཀྱང༌རང་ནུས་གང་ཡོད་ཀྱིས་བོད་དམག་སླར་གསོ་ཡོང་ཐབས་སོགས་ཀྱི་ལས་མང་ལ་བྲེལ་ཞིང༌། འབད་འབུངས་རྒྱུན་མཐུད་བྱས་ཀྱང༌།མཐར་ནད་མནར་གྱིས་ཕྱི་ཡུལ་དུ་སྨན་བཅོས་གནང་ཡང་ཕྱིར་ཕེབས་རྗེས་སྙུན་གཞི་ཇེ་ལོད་དུ་སོང་རྐྱན་ལྷའི་ཞིང་ཁམས་སུ་བསྙེག་ཏེ་དུས་ཡུན་ནང་ང་ཚོ་དང་ཁ་བྲལ་དགོས་བྱུང་བ་རེད། འོན་ཀྱང་ཨ་འབྲུག་མགོན་བཀྲ་སོགས་བོད་ཀྱི་དཔའ་རྒོད་རྣམས་ཀྱིས་ཐོག་མཐའ་བར་གསུམ་གྱི་དམིགས་འདུན་དེའི་ཆེད་དུ་ཤི་ནའང་རང་རིགས་ཀྱི་བུ་རབས་ཚ་རྒྱུད་ལ་འགྱོད་པ་མི་དགོས་པའི་བྱས་རྗེས་བཞག་ཡོད་པ་ནི་ཚང་མས་མིག་མཐོང་ལག་འཛིན་ཡོད་པའི་རླབས་ཆེན་གྱི་བྱ་བཞག་ཉག་ཅིག་རེད།

ཨ་རིའི་རྒྱལ་ཁབ་ཀྱི་རང་བཙན་ཉིན་མོ།

འདིར་དགོས་པའི་དབང་གིས་མི་རིགས་ཀྱིས་ཧུར་བརྩོན་ལ་བརྟེན་ནས་རང་བཙན་གྱི་རྒྱལ་ཁར་ཕྱོགས་ཐུབ་པར་བྱུང་བའིརྒྱལ་སྤྱིའི་ཐོག་ནས་ཨ་རིའི་རྒྱལ་ཁབ་གྱི་གནས་སྟངས་ལ་རོབ་ཙམ་བལྟས་ཚེ། བཙན་པོ་དང་དྲག་པོའི་གཉའ་གནོན་འོག་ཐར་ཐུབ་པ་བྱུང་བའི་ཨ་རིའི་རྒྱལ་ཁབ་ནི་དེང་དུས་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་དམིགས་དཔེར་འོས་ཤིང༌། མིའི་རིགས་ཀྱི་རང་དབང་དང་དམངས་གཙོ། དེ་བཞིན་འགྲོ་བ་མིའི་རིགས་ཀྱི་རྨང་གཞིའི་རང་དབང་ལ་བརྩི་བསྐུལ་དང་ཆེ་མཐོང་སྤྲོད་མཁན་ཕུལ་བྱུང་གི་རྒྱལ་ཁབ་ཅིག་རེད།ཨ་རིའི་རྒྱལ་ཁབ་གྱི་མི་རིགས་རང་བཙན་ཉིན་མོ་ནི་འཛམ་གླིང་ཐོག་བྱང་སེམས་དང་དྲང་བདེན་གྱི་མི་རྣམས་ནས་དགའ་སྤྲོ་དང་གཟི་བརྗིད་ཚོར་ཐུབ་པའི་ཉིམ་མོ་གཅིག་ཡིན་ལ། དེའི་ཆེད་དུ་མི་བུ་སྒང་ཚུགས་ཅན་ག་ཚོད་ཀྱིས་ལེགས་སྐྱེས་འབུལ་ཡོད་པའང་སྨྲོས་མི་དགོས་པ་རེད། རྒྱལ་ཁབ་གསར་པ་འདི་འཛུགས་ཐུབ་པ་བྱུང་བ་དུས་མཚུངས་སུ་འཛམ་གླིང་འདིའི་སྒང་དམངས་གཙོ་དང་ཚན་རིག་ཀྱང་རང་དབང་གི་འཇིག་རྟེན་འདིར་རྩ་བའི་རྨང་གཞི་ཚུགས་ཐུབ་པ་བྱུང་བ་རེད། བགྲང་བྱ་167གྱི་རིང༌། སྡུག་བསྔལ་གྱི་སྐྱོ་གདུང་ཟད་པའི་ཉིན་རེའི་མཚན་མོ་དེར་ཆེས་མུན་ནག་གི་ཟུར་རེར་ལའང་དམངས་རྣམས་ཀྱིས་རང་དབང་ལྷའི་ཕྱག་ནང་གི་སྤར་འབར་དེའི་གཟི་འོད་མཐོང་ཐུབ་པ་ནི་འཇིག་རྟེན་འདིའི་སྡུག་བསྔལ་ཡོངས་རྫོགས་མྱོང་བཞིན་པའི་མི་ཚོགས་གཅིག་གིས་བདེ་སྐྱིད་ཀྱི་རེ་འདུན་གྲུབ་པའི་དགའ་སྤྲོའི་ཉིན་མོ་ཡིན། དེ་བཞིན་མི་རྣམས་ཀྱིས་དྲང་བདེན་ལ་རྒྱལ་ཁ་ཐོབ་ཐུབ་པའི་བྱ་བཞག་ལ་ཡིད་ཆེས་སྲ་བརྟེན་དུ་ཕྱིན་ཡོད་ལ། ཨ་རིའི་མི་མང་གི་རང་བཙན་ཉིན་མོ་དེ་ནི་རེ་བའི་ཕུགས་འདུན་མ་རྫོགས་པའི་མི་མང་ནས་བདེ་སྐྱིད་ཀྱི་བྲོ་བར་རོལ་བཞིན་པའི་ཡིད་འོངས་ཀྱི་མཛད་རྗེས་ཤིག་ཀྱང་ཅི་ལ་མིན། མི་མང་གི་བདེ་རྩར་ཁོ་ནར་དམིགས་དགོས་པའི་འདུན་མ་གཙང་མ་དེས་མིའི་རིགས་ལ་འཇིག་རྟེན་འདིར་ད་དུའང་བདེན་པའི་རེ་བ་ཡོད་པར་མྱོང་བཅུག་པ་དེ་ནི་ཁོང་རྣམས་ཀྱིས་ཉམས་ཆུང་རང་རིགས་ལའང་རེ་བའི་མེ་ཕུང་སྤར་བ་དང་ཅིས་མི་མཚུངས།ད་ལྟའི་ང་ཚོའི་དར་གཞོན་ཚོགས་རྣམས་དེ་སྔོན་ཆུང་དུས་ཨ་རི་བཙན་རྒྱལ་རིང་ལུགས་ཅེས་པའི་ལོག་ལྟ་དེའི་འུར་སྒྲོག་ནི་གཡོ་འཕྲུལ་གྱི་འདས ་སོང་ཡིན་པ་ལས།དོན་དངོས་ཀྱི་གོ་རྟོགས་སད་བཞིན་པ་དེང་གི་དུས་འདིར་མི་མང་ངོས་ནས་ཨ་རི་ནི་དམངས་ཀྱི་བདེ་དོན་འགྲུབ་ཐབས་ལ་འབད་འབུངས་ལྷོད་མེད་བྱེད་ཅིང༌། ཆེས་ཡིད་དུ་འོངས་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད། དེའི་རྒྱུ་མཚན་གཞན་དུ་ཨ་རི་རྒྱལ་ཁབ་ནས་བཙན་རྒྱལ་རང་བཞིན་གྱི་གཡུལ་ཐབས་སྤེལ་མྱོང་མེད་ཅིང༌། རྩ་བའི་ཆ་ནས་རྒྱལ་ཁབ་དེའི་ཡིད་འོངས་ཀྱི་ཚོར་ཤུགས་དེ་ནི་ཁོང་ཚོའི་དམངས་གཙོ་དང་རང་དབང་གྱི་རྣམ་པའི་ཐོག་ནས་རྒྱ་ཆེ་ཞིང་བག་ཡངས་པའི་ཁོག་རྒྱ་དེའི་ཤེས་རྟོགས་ཐུབ་པས་ཡིན།

ཨ་རིའི་སྲིད་ཟུར་ལྦུ་ཤི་མཆོག་གིས་སྲིད་འཛིན་ལས་གནས་སུ་བཞུགས་པའི་གཏམ་བཤད་ནང་དུ། ཨ་རིའི་རྒྱལ་ཁབ་ནས་དྲག་པོའི་སྲིད་དབང་འོག་སྡུག་སྦྱོར་མྱོང་བཞིན་པའི་མི་དམངས་ལ་ག་དུས་ཡིན་ཡང་སྣང་མེད་སྐྱུར་མི་སྲིད་ལ། དྲག་པོ་ཚོའི་གདུག་རྩུབ་ལ་གུ་ཡངས་ཀྱང་སྤྲད་ཀྱི་མ་རེད། གལ་ཏེ་མི་མང་ནས་སོ་སོའི་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་ན༌། ང་ཚོ་ཁྱོད་ཚོ་དང་མཉམ་དུ་ལངས་ཀྱི་ཡིན། དེ་བཞིན་ཕ་རོལ་པོའི་རང་དབང་བཙན་འཕྲོག་བྱས་པའི་དབང་ཆ་སུ་ལའང་མེད། དྲང་བདེན་གྱི་དཀོན་མཆོག་གིས་ཐག་གཅོད་འོག་གདུག་རྩུབ་ཀྱི་འདོད་དབང་དེ་རྒྱུན་རིང་གནས་ཐབས་མེད།

དེ་མིན་རང་དབང་གི་འཇིག་རྟེན་འདིའི་དགྲ་བོ་ཚོར་དམིགས་ངན་ཁོ་ནར་ཞིག་ཡོད་པ་དེ་ནི་རང་དབང་གི་འཇིག་རྟེན་འདི་ཁ་དབྲལ་གཏོང་རྒྱུ་དེ་རེད། རང་དབང་གི་འཇིག་རྟེན་འདིའི་མི་རྣམས་ནས་བློ་རྩེ་གཅིག་མཐུན་གྱིས་དམངས་གཙོ་དང་རང་དབང་ཁྱབ་སྤེལ་གཏོང་བ་ཡིན་ན། དེ་ནས་སྒེར་གཅོད་བཙན་པའི་ཕམ་ཁ་ནི་ཉིན་རེ་བཞིན་ཇེ་ཉེ་ལ་འགྲོ་བཞིན་ཡོད་སོགས་གསུངས་ཡོད་པ་རེད།

དྲང་བདེན་གྱི་བླ་སྲོག་མ་བོར་བའི་བོད་ཀྱི་དཔའ་རྒོད་ཨ་འབྲུག་མགོན་བཀྲ་གཙོས་པའི་གངས་ཅན་པའི་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ནི་མི་རབས་ཚ་རྒྱུད་ནས་བརྗེད་མི་རུང་བའི་དྲང་པོའི་སྙིང་པོ་ཡིན་ཞིང༌། བདེན་པའི་སྤོབས་པའང་ཡིན། ཁོང་རྣམས་པས་རང་མི་རིགས་ཀྱི་བདེན་དོན་ཆེད་དུ་ཡོངས་རྫོགས་ལེགས་སྐྱེས་འབུལ་རྗེས་ཨ་རིའི་རྒྱལ་ཁབ་ལྟར་རྒྱལ་ཁའི་ཉིན་མོ་བསུ་ཐབས་མ་བྱུང་བ་ནི་བོད་མི་རིགས་ཡོངས་ཀྱི་རྩམ་གཟན་རྣམས་ཀྱི་ཕམ་ཉེས་རེད་ལ།དེང་གི་དུས་འདིར་སྤོབས་པ་ཅན་གྱི་རྒན་རབས་ཁོང་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་མའི་བདེ་བའི་ཞིང་དུ་བཞུར་ཚར་ཡང༌།བོད་ཀྱི་དཔའ་མཛངས་ཅན་ཚོས་གངས་ཅན་པའ ི་རྗེས་རབས་ང་ཚོར་ཤུལ་བཞག་གནང་བའི་གཟི་བརྗིད་དེ་དག་ནི་བདེན་པ་དང་དྲང་པོའི་ཁ་བ་གངས་ཅན་གྱི་མི་རིགས་འདིར་དབང་བའི་ཆེས་ཡིད་འོངས་ཀྱི་རིན་ཐང་དང་དོན་སྙིང་ཉག་ཅིག་རེད།

བོད་མི་རིགས་ལ་སྤོབས་པ་དང་ཡིད་ཆེས་དགོས།

འཇིག་རྟེན་པ་ཚོས་ཡིད་འོངས་ཀྱི་མ་འོངས་པར་ཁ་ཕྱོགས་པའི་ཆེད་དུ་མི་སེམས་ལ་སྤོབས་པ་ལྡན་པའི་ངོས་ནས་བརྩོན་འགྲུས་ཀྱི་ཧུར་བསྐྱེད་མ་ལྷོད་པས་བཟང་པོའི་གྲུབ་འབྲས་གང་མཚམས་ཐོན་ཡོད་པ་རེད། འོན་ཀྱང་ད་དུང་ཡང་རང་དབང་ཐམས་ཅན་བདེ་བ་དང་གཞན་དབང་ཐམས་ཅད་སྡུག་བསྔལ་ལ་ངོས་འཛིན་མཁན་ལོག་ལྟ་ཅན་ཚོས་རང་རིགས་ལ་སྤོབས་པ་བསྐྱེད་ཐབས་ཀྱི་ཚབ་དུ་སྒྱིད་ལུག་གི་ཡ་རབས་རྫུན་མ་དར་སྤེལ་གཏོང་གང་ཐུབ་བྱེད་པ་ནི་ཇི་འདྲའི་བློ་ཕམ་ཞིང་ཡ་ང་བའི་གནས་སྟངས་ཤིག་རེད་ཨང༌། ང་ཚོ་ནི་དྲག་པོའི་བཙན་དྲ་ནས་ཤོར་བའི་མི་རིགས་ཀྱི་ལ་རྒྱ་རྩོད་མཁན་གྱི་རྐང་འགན་བ་ཤ་སྟག་ཡིན་ཕྱིར་ཉུང་མཐའ་ཡང་རང་རིགས་ཀྱི་གཉའ་གཅོག་ཅིང་གནོན་ཤུགས་འོག་ཏུ་རུལ་སུངས་ཀྱི་ངན་འབྲས་ལ་འུར་སྒྲོག་བྱེད་ག་ལ་ཉེན། བོད་མི་ཞིག་ཡིན་པའི་ངོས་ནས་རྒྱལ་སྤྱིའི་མི་རིགས་སྤྱི་མཚུངས་ལྟར་འཕེལ་རྒྱས་ཀྱི་གོམས་ཁ་བསྒྱུར་དགོས་པ་དང༌། བདེན་པའི་དཔའ་ངར་གསོ་སྐྱོང་དགོང་ངེས་ཡིན། ང་ཚོ་གངས་ཅན་པའི་རིགས་ཀྱི་འདས་ཟིན་ལོ་རྒྱུས་ནི་གྱ་གྱུར་ཆེའང༌། དེང་གི་དུས་འདིར་བོད་ཀྱི་ཕོ་རྒོད་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་རང་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་དུས་དང་རྣམ་པ་ཀུན་དུ་རྗེས་དྲན་གྱི་མཛད་སྒོ་དང་དུས་དྲན་བྱེད་དགོས་པ་ལས། དུས་རིམ་གྱི་གནས་སྟངས་ཡུན་ཙམ་གྱི་ཁོར་ཡུག་ཁོ་ནར་བསྟུན་ཏེ་བོད་ཀྱི་དཔའ་བོ་རྣམས་ཀྱི་གཟི་བརྗིད་ལྡན་པའི་བྱ་བཞག་དག་སྣང་མེད་སྐྱུར་ན་དགྲ་ཕྱོགས་ཚོས་ལྟས་ན་དགའ་ནས་དགོད་བྲོ་བ་དང༌། རང་རིགས་ཀྱིས་མྱོང་ན་སྡུག་གིས་ངུ་བྲོ་བ་གྱུར་ཉེན་ཡོད་པ་རེད།སྤྱིའི་ཆ་ནས་བཤད་ཀྱང་ང་ཚོའི་སྤྱི་ཚོགས་གང་སར་དོན་དམ་གྱི་བྱ་བཞག་ཐད་འབད་འབུངས་ཀྱི་སྙིང་སྟོབས་ཞན་པ་ནི་ཕྱོགས་གཅིག་ནས་སྒྱིད་ལུག་རང་བཞིན་གྱི་ཡ་རབས་རྫུན་མ་དང་གཡོ་འཕྲུལ་གྱི་རྨོངས་དད་ཁོ་ནས་བགྱིས་པ་ནི་ཤིན་ཏུ་གསལ་པོ་རེད། དེར་བརྟེན་བོད་མི་རིགས་འདི་འཇིག་རྟེན་འདིའི་སྒང་ནས་རྨིག་མེད་དུ་མ་འགྲོ་བའི་ཕྱིར་ལོ་རྒྱུས་ཐོག་རང་རིགས་ལ་སྤོབས་པ་སྦྱིན་མཁན་གྱི་དཔའ་བོ་ཁོང་ཚོ་ནི་ང་ཚོས་ངེས་པར་དུ་རྗེས་སུ་འབྲངས་དགོས་པའི་དམིགས་དཔེ་ལེགས་ཤོས་རེད།

མཇུག་བྱང༌།

ྋསྐྱབས་མགོན་རྒྱལ་བ་རིན་པོ་ཆེས་རྡ་སར་བོད་ཁམས་ཏྲེ་ཧོར་ཁུལ་ནས་ཉེ་དུས་དཔེ་དེབ་ཞི་རྒོལ་ཆེན་མོ་ཞེས་པའི་སྔོན་བྱང་ནང་མཐོང་ཐོས་ཉམས་མྱོང་དངོས་བྱུང་གི་ལོ་རྒྱུས་འདི་ལྟ་བུས་བོད་མིའི་བདེན་དོན་ར་སྤྲོད་ཀྱི་ནུས་པ་ཐོན་ངེས་སུ་མཐོང་བས་བསྔགས་བརྗོད་དང༌།ལྷག་བསམ་རིགས་ཞེན་དད་དམ་སྙིང་སྟོབས་ཅན་གྱི་བོད་མི་འདས་གསོན་རྣམས་ཚེ་རབས་ཀྱི་ཕྲེང་བར་འཕགས་ མཆོག་གྲུ་འཛིན་མགོན་གྱི་ཐུགས་རྗེས་བཟུང་བར་སྨོན་པ་ཤུགས་དྲག་བཅས་ཞེས་འཁོད་ཡོད་པ་ལྟར།འཛམ་གླིང་འདིར་ཤར་ལྷོ་ནུབ་བྱང་གང་གི་སར་ཡིན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་སྡེ་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་མཁན་ཚོར་རྗེས་དྲན་དང་བསྟོད་དབྱངས་འབུལ་བའི་ལུགས་སྲོལ་བཟང་པོ་ཡོད་པ་རེད།འོན་ཀྱང་ང་ཚོ་ནི་ད་ལྟའི་ཆར་དེ་ལས་ལྡོག་སྟེ་དཔའ་བོར་བསྟོད་པ་ངོ་ཚ་དགོས་པའི་ཟོལ་གྱ ི་གནས་སུ་གྱར་ཉེན་འདུགདེ་ནི་ཆེས་དྲིན་ཆེན་པོའི་ལག་པར་རྡོ་རྡུང་ཟེར་བ་དང་དྲིན་གསོ་མེད་པ་བོང་བུའི་བུ་དང་འདྲ་ཟེར་བའི་བོད་ཀྱི་གནའ་དཔེ་དང་ཅིས་མི་མཚུངས། སླད་ཀྱི་ཆར་བོད་མི་ཞིག་གི་ངོས་ནས་གཞུང་སྒེར་སུ་འདྲ་ཞིག་ཡིན་ཡང༌། དུས་ཚོད་རྒྱུད་རིམ་གང་གི་དུས་སུ་ཡིན་རུང༌། གང་སར་གནས་པའི་མང་པོར་སྒྱིད་ལུག་གི་རྣམ་པ་ཧ་ཅང་གསལ་ཞིང་བརྩོན་ལེན་གྱི་སྙིང་སྟོབས་ཉམས་པའི་རང་རིགས་ལ་དུས་ནམ་ཡང་དཔའ་དང་བློ་གྲོས་མཁོ་ལ། རང་རིགས་ལ་དཔའ་བོའི་སྙིང་སྟོབས་མཁོ་ངེས་ལྟར་འབད་བརྩོན་ལྷོད་གཡེང་མེད་པར་བགྱིད་ཆེད། གཞུང་སྒེར་གང་ཡིན་ཡང་བསམ་ཤེས་ཅན་ཡོངས་ཀྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་བྱས་པའི་འདས་སོང་ཆུང་སྒང་དངས་བླངས་དམག་གི་དཔའ་རྒོད་ཁྱུ་ཚོགས་སམ།གཞན་ཡང་ལེགས་བྱས་ཅན་གྱི་བོད་ཀྱི་དཔའ་བོ་དཔའ་མོ་དེ་དག་ལ་རྒྱལ་སྤྱིའི་ལུགས་སྲོལ་ལྟར་དུས་དང་རྣམ་པ་ཀུན་དུ་རྗེས་དྲན་གྱི་ལེགས་གསོལ་གཟིངས་མཐོ་ཡོད་པར་འཚལ་ཞེས་སྙིང་ཐག་པ་ནས་ཞུ་བཞིན་ཡོད།།

གསལ་བསྒྲགས་ཀྱི་ས་མིག