ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ བཞེས་པའི་གཞུང་འབྲེལ་གོ་སྟོན་སྲུང་བརྩིའི་བོད་ཡིག་དྲ་ཚིགས(www.ghoton.net) དང་དབྱིན་ཇིའི་དྲ་ཚིགས་(www.hhthedalailama90.net) བཅས་དྲ་ཚིགས་གཉིས་དབུ་འབྱེད་གནང་རྗེས། ༸གོང་ས་མཆོག་གི་གོ་སྟོན་དང་འབྲེལ་བའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠་ཐོག བཞུགས་སྒར་དྷ་རམ་སའི་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ཚོགས་མི་ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ནས་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་།
ཐོག་མར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ བཞེས་པའི་གཞུང་འབྲེལ་གོ་སྟོན་སྲུང་བརྩིའི་དྲ་ཚིགས་བོད་ཡིག་དྲ་ཚིགས(www.ghoton.net) དང་དབྱིན་ཇིའི་དྲ་ཚིགས་(www.hhthedalailama90.net) དབུ་འབྱེད་གནང་སོང་།
དེ་ནས་སྲིད་སྐྱོང་མཆོག་གིས་དྲ་ཚིགས་དང་འབྲེལ་བའི་སྐོར་ནས་གསུང་དོན། གོ་སྟོན་དྲ་ཚིགས་འདིའི་ཐོག ༸གོང་ས་རྒྱལ་བ་རིན་པོ་མཆོག་གི་དགོངས་བཞི་དང་མཛད་རྣམ་ཕྱོགས་བསྡུས། སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། ངོས་ཀྱི་ངོས་དང་ངོས་ཀྱི་མི་མང་། གཟེངས་རྟགས། དུས་འཁོར་དབང་ཆེན། གལ་ཆེའི་མི་སྣ་མཇལ་འཕྲད། དེ་བཞིན་ཁོང་གི་སྐུ་པར་དང་གོ་སྟོན་མཚོན་རྟགས་སོགས་ཡོད། དེ་དག་གོ་སྟོན་སྲུང་བརྩི་ཞུ་ཆེད་ཕབ་ལེན་བྱས་ན་འགྲིག་གི་རེད། འོན་ཀྱང་དེ་དག་བེད་སྤྱོད་བཏང་ནས་འདྲ་མི་འདྲ་བཟོས་ན་འགྲིག་གི་མ་རེད། ཅེས་གསུངས་སོང་།
དེ་ནས་ཁོང་གིས་གོ་སྟོན་སྲུང་བརྩི་ཞུ་བའི་མཛད་རིམ་བསྡུས་འགྲེལ་བརྗོད་གནང་དོན། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༥ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ལྷ་དབྱར་གསོལ་དང་། ༸སྐུའི་གོ་སྟོན་དངོས་གཞི་བྱམས་བརྩེའི་ལོ་ཞེས་པའི་ལོ་འཁོར་གཞུང་འབྲེལ་མཛད་སྒོ་དབུ་འཛུགས་ཞུ་རྒྱུ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དགའ་སྟོན་ལ་ཆེད་བཅར་ཞུས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་རྣམས་ཀྱིས་ཡུལ་ལུང་སོ་སོའི་རིག་གཞུང་སྒྱུ་རྩལ་གཟིགས་འབུལ་ཞུ་རྒྱུ། ད་དུང་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་ཁྱོན་དུ་ཕྱི་ལོ་༢༠༢༥ ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་ཡོད་ཅེས་གསུངས་སོང་།
གོ་སྟོན་མཛད་སྒོ་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་རྒྱུ་དང་། སྐུ་མགྲོན་གཙོ་བོ་ནི་རྒྱ་གར་དབུས་གཞུང་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀེ་རན་རེ་ཇེ་ཇུ་མཆོག དམིགས་བསལ་སྐུ་མགྲོན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་བཀྲ་ཤིས་རྒྱལ་མཚན་མཆོག ཆེ་བསྟོད་སྐུ་མགྲོན་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག ཆེ་བསྟོད་སྐུ་མགྲོན་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་སྤེ་རེམ་སེང་རྟ་མང་མཆོག་གཙོས་པའི་རྒྱ་གར་སྐུ་མགྲོན་རྣམས་དང་། ཕྱི་རྒྱལ་ཁབ་ཁག་གི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་༡༢༦ ཕེབས་ཀྱི་ཡོད་འདུག དེ་བཞིན་ཕྱི་རྒྱལ་ཁབ་ཁག་༢༠་ནས་རིག་གཞུང་འཁྲབ་སྟོན་བྱེད་མཁན་སླེབས་ཀྱི་ཡོད་འདུག