སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་རྡ་རམ་ས་ལ་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞན་སྐུ་མགྲོན་དུ་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་ག་རྒྱ་ཆོས་སྐྱིད་མཆོག ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་གཙོས་པའི་རྒྱུན་ལས་རྣམ་པ། སེར་སྐྱ་མི་མང་བཅས་ཕེབས་གནང་འདུག

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མར་དབུ་བརྙེས་ནས་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་མི་ལོ་ཧྲིལ་པོ་ ༦༨ འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཆུ་སྒང་དབུས་སའི་རྒྱུན་ལས་རྣམ་པ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་བཞིན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྤྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་གནང་ཞིང་། བོད་བསྟན་སྲིད་མི་རིགས་དང་བཅས་པ་སྲུང་སྐྱོབ་ཆེད་ཆུ་སྒང་དཔའ་རྒོད་ཚོས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་དགྲ་བོ་རྒྱ་ནག་དམར་གཞུང་གིས་བོད་སར་བཙན་འཛུལ་རིམ་བྱུང་ལ་ཕར་རྒོལ་འཐབ་འཛིང་ལན་མང་གནང་བ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཏེ་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་ཡོད། དེའི་རྗེས་སུའང་སྒྲིག་འཛུགས་ཀྱི་དཔའ་རྒོད་ཚོས་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་གནང་བ་བཅས་ནི་ལོ་རྒྱུས་དེབ་ཐེར་ནང་འཁོད་འོས་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ལ་ངོས་འཛིན་ཞུ་ཆོག

སྒྲིག་འཛུགས་ནང་ཐོག་མཐའ་བར་གསུམ་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐབས་དུས་སོ་སོར་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དུས་ད་ལྟ་ཡིན་ནའང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་རང་རང་སོ་སོའི་ས་གནས་སུ་དེ་རིང་གི་ཉིན་མོར་དུས་དྲན་སྲུང་བརྩི་ཞུ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། 

སྒྲིག་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་ནི་བོད་རྒྱལ་ཁབ་དང་། མི་རིགས། རང་དབང་བཅས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། དེང་གི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་འཁྲིད་འོག་བོད་སྤྱི་པའི་རྩ་དོན་འཐབ་རྩོད་དང་། བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་དེ་རེད། འདས་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་བོད་ནང་རྒྱ་ནག་གཞུང་གིས་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བའི་སྲིད་བྱུས་ངན་པ་སྣ་མང་ཇི་ལྟར་སྤེལ་ཡང་། བཙན་བྱོལ་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཐུབ་པ་བྱུང་ཡོད་ཅིང་། ལྷག་པར་དུ་བོད་ནང་གི་མཁས་པའི་དབང་པོ་དང་། རྩོམ་པ་པོ། བོད་དགེ་སོགས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་བོད་ཀྱི་སྐད་ཡིག་སོགས་མུ་མཐུད་སྦྱོང་སྤྱོད་གཅེས་སྤྲས་གནང་བའི་བཀའ་དྲིན་ལ་བརྟེན་བོད་ནང་ད་དུང་ཡིན་ནའང་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་ཐུབ་པ་བྱུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སོགས་པ་བརྒྱུད་བོད་རིགས་རྒྱ་རིགས་སུ་སྒྱུར་རྒྱུའི་ངན་བྱུས་མུ་མཐུད་ལག་བསྟར་བྱས་དང་བྱེད་མུས་ཡིན་པས་ད་ལྟའི་བོད་ནང་བོད་དང་བོད་མིའི་གནས་སྟངས་ཧ་ཅང་ཛ་དྲག་གི་ངོ་བོར་གྱུར་བཞིན་ཡོད་པས། ཆུ་སྒང་སྒྲིག་འཛུགས་ནས་ཀྱང་རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག དེ་བཞིན་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེའི་ཁྱད་ཆོས་སོགས་གོང་འཕེལ་ལ་སྨན་པའི་ལས་གཞི་གང་མང་སྤེལ་དགོས་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་བརྩི་བཞིན་ཡོད།

ཆུ་སྒང་སྒྲིག་འཛུགས་ངོས་ནས་བཙན་བྱོལ་དུ་མཐོ་སློབ་སློབ་ཡོན་དང་། རྒས་གསོ་ཁང་གསར་རྒྱག་དང་འཛིན་སྐྱོང་། བགྲེས་སོང་ལ་འཚོ་སྣོན། སྐད་ཡིག་འཛིན་གྲྭ་ཟུར་འཁྲིད་སོགས་བརྒྱུད་རང་རེའི་སྤྱི་ཚོགས་ཀྱི་བདེ་རྩར་མཐུན་འགྱུར་སྦྱར་དང་སྦྱོར་བཞིན་པ་ཡང་བསྔགས་འོས་སུ་མཐོང་།

གཞན་ཡང་ཆུ་སྒང་སྒྲིག་འཛུགས་ཀྱི་ས་གནས་ཡན་ལག་རྒྱ་བལ་གཉིས་དང་། ཨ་རི། ཡུ་རོབ། ཨོ་གླིང་བཅས་ཀྱི་ནང་བསྡོམས་གྲངས་ ༤༤ བཙུགས་ཐུབ་ཡོད་པ་དེ་དག་བརྒྱུད་དེ་དབུས་ས་ཁྱོན་ཡོངས་ནས་བོད་བསྟན་སྲིད་དང་། བོད་ཀྱི་སྐད་ཡིག རིག་གཞུང་། སྤྱི་ཚོགས་བདེ་དོན་བཅས་ཀྱི་ཐོག་ལ་ལས་གཞི་གང་མང་རྩམ་གནང་ཡོང་བའི་བསྐྱར་དུ་འབོད་སྐུལ་ཞུ་འདོད་བྱུང་།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༡ ལ།། ཞེས་གསུངས་སོང་།

དེ་བཞིན་དྷ་རམ་ས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ཡན་ལག་འགན་འཛིན་བྱང་ཆུབ་རིན་ཆེན་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་བློ་བཟང་སྙན་གྲགས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སོང་།