10
Tue, Dec

གསལ་འགོད་གསལ་བསྒྲགས་སྤེལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
Typography

 ཟླ་འདིའི་ཕྱི་ཚེས་༢༤་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞེས་པའི་རྒྱ་ཡིག་དཔེ་དེབ་ཅིག་དབུ་འབྱེད་དང་གསར་འགོད་གསལ་བསྒྲགས་ཤིག་བསྡུས་སོང་།

དེ་ཡང་ད་ལོའི་ཕྱི་ཟླ་༥བའི་ཚེས་༢༤ཉིན་ཏག་ཏག་བོད་མིས་ས་བྱི་ལོའི་ཞི་རྒོལ་བྱས་ནས་ལོ་ངོ་བཅུ་འཁོར་བ་དང་སྟབས་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་(རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།)ཞེས་པའི་རྒྱ་ཡིག་དཔེ་དེབ་དབུ་འབྱེད་དང་ཁེ་ན་ཊར་གནས་སྡོད་རྒྱ་རིགས་རྩོམ་པ་མོ་ཀྲོ་རིའི་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དེ་བཞིན་རྒྱ་གཞུང་གིས་ཕྱི་ལོ་༢༠༠༨་ལོ་ནས་བོད་མི་བཙོན་འཇུག་བྱས་པ་ཁག་ཅིག་ལ་རྒྱ་རིགས་ཁྲིམས་རྩོད་པའི་ཁྲིམས་རྩོད་བྱས་པ་སྐོར་ཞིག་གསལ་བཤད་བྱས་སོང་།

ཡང་ཁོ་མོས་སྤྱིར་ལོ་རེའི་ཕྱི་ཟླ་༥་བ་ནི་རྒྱ་གཞུང་གིས་ཁྲིམས་རྩོད་པའི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཞིབ་བཤེར་བྱེད་པའི་ཟླ་བ་ཡིན་པ་དང་། བཙོན་འཇུག་བྱས་པའི་བོད་མི་རྣམས་ཀྱི་རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་གི་ཁྲིམས་རྩོད་པའི་ཐོབ་ཐང་དཔང་ཡིག་རྒྱ་གཞུང་གིས་འཕྲོག་ཡོད་རབས་དང་། ཉེ་ཆར་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་ལགས་ཀྱི་ཁྲིམས་ར་ཟླ་བ་འདིའི་ནང་བསྐུངས་ཡོད་པ་དང་ཁོང་གི་ཁྲིམས་རྩོད་པ་ལིན་ཞོ་ཅུན་ལ་ཡང་ཁྲིམས་རྩོད་པའི་ཐོབ་ཐང་དཔང་ཡིག་ཞིབ་བཤེར་སྟེང་ནས་ཏན་ཏན་གནོན་ཤུགས་ཐེབས་ཡོད་ལ། གནོན་ཤུགས་དེ་ཡིས་བཀྲ་ཤིས་དབང་ཕྱུགས་ལགས་ཀྱི་བཙོན་འཇུག་དུས་ཡོན་ལ་ཡང་ཁྱད་པར་ཏན་ཏན་བཟོས་ཡོད་ཅེས་གསུངས་སོང་།

དེ་བཞིན་ད་རེའི་གསལ་འགོད་གསལ་བསྒྲགས་ཀྱི་ནང་དོན་སྙིང་བསྡུས་ནི་”ཕྱི་ལོ་༢༠༠༨་ལོའི་བོད་ས་བྱི་ཞི་རྒོལ་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙན་ཁྲིད་དང་། བོད་མི་མང་པོ་གར་སོང་ཆ་མེད་བཟོས་རྐྱེན། རྒྱ་རིགས་ཤེས་ཡོན་པ་དང་ཁྲིམས་རྩོད་པ་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་དང་། རྒྱ་ནག་གི་རྩ་ཁྲིམས་གཞི་བཟུང་ནས་བོད་མིའི་གྱོད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་ཞིང་། ལྷག་པར་དུ་རྒྱ་རིགས་ཁྲིམས་རྩོད་པ་འགས་དང་བླངས་ཀྱི་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་འོག་གི་བོད་མི་ཚོར་དག་སེལ་ཁྲིམས་རྩོད་ཀྱི་ཐོབ་ཐང་དང་ཁོ་ཚོའི་སྒེར་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་པར་མ་ཟད། རྩ་ཁྲིམས་གཞིར་བཟུང་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གང་ཐུབ་གནང་ཡང་། རྒྱ་གཞུང་གིས་འགོག་རྐྱེན་སྣ་ཚོགས་བཟོས་པའི་རྐྱེན་གྱིས་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུ་ཁག་པོ་བྱུང་ཡོད། བོད་མིའི་གྱོད་དོན་ཁྲིམས་རྩོད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱ་རིགས་ཁྲིམས་རྩོད་པ་༤་མ་གཏོགས་ཁྲིམས་རར་བཅར་དུ་བཅུག་མེད་ཅིང་། གྱོད་དོན་༨ནང་རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་ངོས་ལེན་མ་བྱས་པའམ་ཡང་ན་གྱོད་དོན་ལ་ཐེ་གཏོགས་བྱེད་མི་ཆོག་པ་བཟོས་ཡོད་པར་མ་ཟད། ཁྲིམས་རྩོད་པ་ཁང་ཅིག་ལ་འགོག་རྐྱེན་མང་པོ་བཟོས་པའི་རྐྱེན་གྱིས་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་དངོས་ལ་ཞིབ་འཇུག་དག་སེལ་གནང་ཐུབ་མེད། རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཁག་ཅིག་གི་རྩོམས་རྩོད་པའི་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་མ་བྱས་པ་དང་། ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུས་བྱས་པའི་གནས་ཚུལ་བྱུང་ཡོད། ཡིན་ནའང་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་དེས་ཁྲིམས་རྩོད་པ་ཚོར་ལུག་བསད་ར་འདར་བའི་འཇིགས་སྐུལ་གྱི་ནུས་པ་ཐོན་པར་མ་ཟད། ཕྱི་ལོ་༢༠༡༦་བར་ཁོང་རྣམས་པས་མི་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་མུས་ཡིན་པ་རེད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༡༨་ལོར་བོད་ས་བྱི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་༡༠་འཁོར་བའི་དུས་དྲན་དང་བསྟུན་ནས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་བཞིན་འགྲེམ་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པར་རྒྱུ་མཚན་དུ་བསྙད་ནས། རྒྱ་གཞུང་གིས་ཁོང་རྣམ་པར་འཁོན་ལན་ཉེ་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་ཆེད་ཀྱང་ཡིན།”ཞེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།