17
Tue, Sep

༢༠༡༨ལོའི་ཟླ་༡༡་ཚེས་༡༡་ཉིན་སྲིད་སྐྱོང་མཆོག་གིས་འཇར་མན་མང་ཚོགས་ལ་བོད་དོན་སྐོར་ནས་གསུང་བཤད་གནང་།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ལོའི་ ཟླ་ ༡༡ ཚེས་ ༡༡ ཉིན། འཇར་མན་ནིའི་གྲོང་ཁྱེར་ཧྥི་རེ་སྦུར་ནང་གི་ཀེ་ལ་ཤི་བོད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི་འཚེ་བ་མེད་པ་དང་། གྲོས་མོལ། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་དང་རང་དབང་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན། རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་བོད་ནང་དབང་སྒྱུར་བྱས་ཏེ་ཆབ་སྲིད་ཐོག་དམ་བསྒྲགས་དང་། བོད་ཀྱི་ཁོར་ཡུག་དང་རིག་གཞུང་གཏོར་བཤིག་བཏང་དང་གཏོང་མུས་རེད། ཅེས་འཇར་མན་མང་ཚོགས་ལ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འདུག

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཇར་མན་ནིའི་གྲོང་ཁྱེར་ཧྥི་རེ་སྦུར་ནང་རྟེན་གཞི་བྱས་པའི་(Tibet Forderkreis eV) ཞེས་ཚོགས་པའི་གོ་སྒྲིག་འོག ཀེ་ལ་ཤི་བོད་ཁང་དུ་འཇར་མན་མང་ཚོགས་ལ་གསུང་བཤད་གནང་དོན། སྐུ་ཞབས་ཝི་ལི་ཧྥི་རེ་ཌི་(Wilfried Pfeffer) ལགས་དང་ཀེ་ལ་ཤི་བོད་ཁང་གི་ཚོགས་མི་རྣམ་པ་འདིར་ཆེད་ཕེབས་གནང་བ་དེས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད། དེར་བརྟེན་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི་འཚེ་བ་མེད་པ་དང་། གྲོས་མོལ། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་དང་རང་དབང་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན། རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་བོད་ནང་དབང་སྒྱུར་བྱས་ཏེ་ཆབ་སྲིད་ཐོག་དམ་བསྒྲགས་དང་། བོད་ཀྱི་ཁོར་ཡུག་དང་རིག་གཞུང་གཏོར་བཤིག་བཏང་དང་གཏོང་མུས་རེད། ལྷག་པར་གཏེར་ཁ་སྔོག་འདོན་ཚོད་མེད་བྱེད་བཞིན་པ་མ་ཟད། བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་གང་བྱུང་རྒྱག་བཞིན་ཡོད། དེ་བཞིན་བོད་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་པ་བརྒྱུད་བོད་ཡུལ་ནང་བོད་མི་རྣམས་གྲལ་རིམ་གཉིས་པ་ལྟ་བུ་ཆགས་ཡོད། ཅེས་གསུངས།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་དྲན་གསོའི་ཚུལ་དུ་གསུང་དོན། རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་དུ་སྤྲད་ཡོད། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོང་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་དང་། དམག་མི། མེ་མདའ་སོགས་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད།

ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་གི་ངང་གནས་ཡོད། རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་ནི། སི་རི་ཡ་ Syria ཡིན་ཞིང་། གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་འཁོད་འདུག འཛམ་གླིང་མི་མང་གིས་བོད་ཀྱི་གནས་སྟངས་སྐོར་རྟོགས་ཐུབ་ཀྱི་མེད་པའི་རྒྱུ་མཚན་ནི། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས( Reporters without Borders) ཀྱིས་སྙན་ཐོ་བཏོན་པ་ལྟར་ན། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་(North Korea )ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པོ་ཡོད་པ་འཁོད་འདུག རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་དྲང་བདེན་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་དར་སྤེལ་ཡོང་ཆེད་ངས་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། དྲང་བདེན་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ནི་འཇར་མན་ནི་མི་མང་གིས་གཙིགས་ཆེན་དུ་འཛིན་བཞིན་ཡོད་པ་མ་ཟད། དེ་དག་འཇར་མན་ནི་གཞུང་གི་སྲིད་བྱུས་ནང་འཁོད་ཡོད། རྒྱ་ནག་གཞུང་གིས་ང་ཚོར་བོད་དོན་སྐོར་གླེང་འཇུག་གི་མེད་པའི་རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རེད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ནའང་། ད་བར་བོད་མི་ ༡༥༣ གྱིས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད།

ཉེ་ཆར་སི་པེན་(Spain) གྱི་གྲོང་ཁྱེར་མེཌ་རིཌ་(Madrid) ནང་དུ་རྒྱལ་སྤྱིའི་ཚོང་འདུས་ལྷན་ཚོགས་ཞེས་པ་ཚོགས་པ་རེད། ང་དབུ་འབྱེད་མཛད་སྒོར་མགྲོན་འབོད་ཞུས་པ་ལྟར་ཕྱིན་པ་ཡིན། སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་ཚོགས་ཆུང་ལ་མགྲོན་འབོད་བརྩི་མེད་གཏོང་དགོས་པའི་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་གོ་སྒྲིག་ཚོགས་ཆུང་གིས་གསན་འཇོག་མ་གནང་བ་རེད། དེར་བརྟེན་རྒྱ་ནག་གི་ཚོང་འབྲེལ་སྐུ་ཚབ་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།

རྒྱ་གཞུང་གིས་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་དང་ཆུ་མཛོད་བརྒྱབ་པའི་རྐྱེན་གྱིས་བོད་མཐོ་སྒང་གི་ཆུ་ལ་བརྟེན་ནས་འཚོ་བཞིན་པའི་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡. ༤ ཡི་འཚོ་བ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་སླེབས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག