26
Wed, Jun
23 New Articles

རྒྱ་གར་བུད་མེད་གཉིས་ཧིན་རྡུའི་ལྷ་ཁང་ནང་འཛུལ་རྗེས་དཀའ་ངལ་འཕྲད་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༧ཉིན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ནང་། ཀེ་རི་ལ་མངའ་སྡེ་ནང་དུ་ས་བྷ་རི་མ་ལ་ཞེས་པའི་ཧིན་རྡུའི་ལྷ་ཁང་ཞིག་ཡོད་པ་དེའི་ནང་དུ། ཉེ་སྔོན་བུད་མེད་གཉིས་འཛུལ་ཐུབ་བྱུང་ཡོད་པའི་གནས་ཚུལ་གང་སར་ཁྱབ་རྗེས། རྒྱ་གར་རྒྱལ་ཡོངས་ལ་ཕོ་མོ་འདྲ་མཉམ་དང་ཆོས་ལུགས་སོགས་ཀྱི་སྐོར་ནས་བགྲོ་གླེང་བྱས་ཡོད་དང་། ཀེ་རི་ལ་མངའ་སྡེའི་ནང་གི་ལྟ་བ་མཁྲེགས་འཛིན་ཡང་ན་ཧིན་རྡུ་ཆོས་ལུགས་ལ་ཞེན་ཆགས་ཅན་ཚོས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་མ་མཐའ་ཡང་མི་གཅིག་གི་་སྲོག་ཤོར་་ཡོད་འདུག

དེ་ཡང་རྒྱ་གར་ལོ་རྒྱུས་ཐོག་ནས་ས་བྷ་རི་མ་ལ་ཧིན་རྡུའི་ལྷ་ཁང་དེའི་ནང་བུད་མེད་འགྲོ་བར་འགོག་གི་ཡོད་འདུག་ཅིང་། ཟླ་མཚན་འབབ་པའི་བུད་མེད་རང་ལོ་༡༠་ནས་༥༠་བར་གྱི་བུད་མེད་རྣམས་ལྷ་ཁང་དེར་འཛུལ་ཆོག་གི་མེད་པ་རེད། དེར་བརྟེན། ཉེ་སྔོན་ལོ་ཁ་ཤས་ནས་བུད་མེད་ཚོས་ལྷ་ཁང་དེའི་ནང་འགྲོ་ཆོག་པའི་སྙན་ཞུ་ཞིག་ཆེས་མཐོ་ཁྲིམས་ཁང་ལ་ཕུལ་ཡོད་དང་། ཁྲིམས་ཁང་ནས་ཕོ་མོ་འདྲ་མཉམ་ཐོག་ནས་ལྷ་ཁང་ནང་དུ་འགྲོ་ཆོག་པའི་ཆོག་མཆན་གནང་ཡོད་འདུག འོན་ཀྱང་། ཧིན་རྡུའི་ཆོས་ལུགས་མཁྲེགས་འཛིན་པ་ཚོ་དང་ད་ལྟ་རྒྱ་གར་སྲིད་དབང་འཛིན་བཞིན་པའི་བྷི་ཇི་བྷི་གཞུང་གིས་མོས་མཐུན་གནང་མེད་པ་ཞིག་རེད་འདུག ཁོ་ཚོས་ས་བྷ་རི་མ་ལ་ཧིན་རྡུའི་ལྷ་ཁང་ནང་དུ་བུད་མེད་རྣམས་འགྲོ་བ་ནི་ཆོས་ལུགས་ལ་བཙོག་པ་བཟོ་བ་དང་། སྲོལ་རྒྱུན་ཆོས་ལུགས་ཀྱི་རིན་ཐང་མི་བརྩི་པ་ཞིག་ཡིན་པར་བརྗོད་ཀྱི་འདུག

ཟླ་འདིའི་ཚེས་༢ཉིན། རྒྱ་གར་ལྷ་ཕྱོགས་ཀེ་རི་ལ་མངའ་སྡེ་ནང་ས་བྷ་རི་མ་ལ་ཧིན་རྡུའི་ལྷ་ཁང་དུ་བུད་མེད་གཉིས་འཛུལ་ནས་ལོ་རྒྱུས་ཤིག་བཞག་ཡོད་པ་དང་། ཁོ་མོ་གཉིས་ནི་བུད་མེད་བྷེ་དོ་ཨ་མི་ཎེ་དང་ཎ་ཁ་དོ་གྷ་བཅས་ཡིན་ཞིང་། རང་ལོ་༤༠་ཡིན་པའི་བུད་མེད་བྷེ་དོ་ཨ་མི་ཎེ་ནི་ཁྲིམས་ཀྱི་དགེ་རྒན་ཞིག་དང་། རང་ལོ་༣༩་ཡིན་པའི་བུད་མེད་ཁ་ཎ་ཁ་དོ་གྷ་ནི་གཞུང་ཞབས་པ་ཞིག་ཡིན་འདུག༽ ཁོ་མོ་གཉིས་ལྷ་ཁང་དེའི་ནང་དུ་འཛུལ་ཐུབ་བྱུང་ཡོད་པའི་གནས་ཚུལ་དེ་གང་སར་ཁྱབ་རྗེས། རྒྱ་གར་རྒྱལ་ཡོངས་ལ་ཕོ་མོ་འདྲ་མཉམ་དང་ཆོས་ལུགས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད་པ་དང་། ཀེ་རི་ལ་མངའ་སྡེའི་ནང་གི་ལྟ་བ་མཁྲེགས་འཛིན་ཡང་ན་ཧིན་རྡུ་ཆོས་ལུགས་ལ་ཞེན་ཆགས་ཅན་ཚོས་ལུས་འགུལ་དེ་དག་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། མ་མཐའ་ཡང་མི་གཅིག་གི་སྲོག་ཤོར་ཡོད་པ་དང་ངོ་རྒོལ་བ་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་འདུག

དེའི་རྗེས་ཁོ་མོ་གཉིས་དྭང་བླངས་ཁ་ཤས་ཤིག་གིས་རོགས་རམ་བྱེད་བཞིན་ཡོད་པ་དང་། ཁྱིམ་གཅིག་ནས་གཅིག་ལ་གསང་བའི་ཐོག་ནས་ཡིབ་སྡོད་དགོས་བྱུང་འདུག ཁོ་མོ་གཉིས་ཀྱིས་ས་བྷ་རི་མ་ལ་ཧིན་རྡུའི་ལྷ་ཁང་ནང་དུ་འཛུལ་བ་ནི་ཆེས་མཐོ་ཁྲིམས་ཁང་གིས་ཆོག་མཆན་ལ་གཞི་བཞག་ཐོག་འཛུལ་བ་ཞིག་ཡིན་པར་བརྗོད་ཡོད་དང་། བུད་མེད་ཁ་ཎ་ཁ་དོ་གྷ་ཡིས་ངས་ང་ཚོ་ལྷ་ཁང་ནང་འཛུལ་རྗེས་ངོ་རྒོལ་གྱི་གནས་ཚུལ་འདི་འདྲ་ཞིག་འབྱུང་གི་རེད་བསམ་མ་བྱུང་། མི་སྲོག་ཤོར་བ་སོགས་གནས་ཚུལ་བྱུང་གི་རེད་བསམས་མ་བྱུང་ཞེས་བརྗོད་འདུག

བུད་མེད་བྷེ་དོ་ཨ་མི་ཎེ་ཡིས་བརྗོད་དོན། ང་ངའི་བདེ་འཇགས་ལ་སེམས་ཁྲལ་མེད། ང་ནི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སེམས་ཁྲལ་འདུག མི་མང་པོ་ཞིག་གིས་ཁྲོམ་གཞུང་དུ་འཛིང་བཞིན་པ་རེད། ང་ནི་དེ་ལ་སེམས་ཁྲལ་འདུག་ཅེས་བརྗོད་འདུག མོས་མུ་མཐུད་ནས་བཤད་དོན། མོ་རང་གི་སེམས་ཤུགས་ནི་མོའི་ནང་མི་དང་སློབ་ཕྲུག་དག་ལས་རེག་བྱུང་ཞེས་དང་། ཁོ་ཚོས་ང་ལྷ་ཁང་དེའི་ནང་འཛུལ་བའི་སེམས་ཤུགས་སྤྲད་སོང་ཞེས་བརྗོད་འདུག

བུད་མེད་ཁ་ཎ་ཁ་དོ་གྷ་ལ་དེ་ལྟར་གནང་བར་ནང་མིས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་། མོ་རང་གིས་སེམས་པར་མོ་ངེས་པ་དུ་ལྷ་ཁང་དེའི་ནང་འགྲོ་དགོས་བསམས་བྱུང་ཞེས་བརྗོད་འདུག

 

གསལ་བསྒྲགས་ཀྱི་ས་མིག