26
Wed, Jun
23 New Articles

བཞུགས་སྒར་རྡ་ས་ནས་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོ་འཕྲུལ་སྨོན་ལམ་འཚོགས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༢ པའི་ཚེས་ ༡༩ སྟེ་ལོ་སར་ཚེས་བཅོ་ལྔ། ཆོ་འཕྲུལ་སྨོན་ལམ་ཆེན་པོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་རྟེན་འབྲེལ་བསྟོད་པ། བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་དང་། དེ་ཡང་ཆོས་ཞུ་བ་བླ་མ་དང་དགེ་འདུན་པ་དེ་བཞིན་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་ཕྲག་ཁ་ཤས་འཛོམས་ཡོད་འདུག

༧གོང་ས་མཆོག་གིས་ཐོག་མར་གསུང་དོན། དེ་རིང་དམིགས་བསལ་གྱི་དུས་ཆེན་རྩིས་ཡ་རེད། རྒྱ་གར་དུ་དུས་ཚོད་འདིའི་ཁ་ཐུག་དེར་སྟོན་པས་དམིགས་བསལ་ཆོས་ཕྱོགས་ཀྱི་ཐོག་ནས་མུ་སྟེགས་པ་དེ་ཚོ་མཉམ་དུ་དྲི་བ་དྲི་ལན་བགྱིས་པ་དང་། བོད་ལའང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་ལ་དུས་ཆེན་འདི་འདྲ་ཞིག་མཛད་པ་ཡིན་པ་རེད། རྗེ་རིན་པོ་ཆེའི་མཛད་ཆེན་གྱི་གྲས་རེད། ང་ཚོ་བོད་ནང་དུས་ཚོད་ཅིག་ལ་སྨོམ་ལམ་གྱི་མཛད་སྒོ་འདི་འདྲ་ཚོགས་མ་ཐུབ་པ་བྱུང་པ་རེད། ཡང་སྐབས་དེར་རྒྱལ་བ་དགེ་འདུན་རྒྱ་མཚོས་བསྐྱར་གསོ་གནང་ཡོད་པ་འདྲ། ཡང་ང་ཚོ་བཙན་བྱོལ་བ་ཆགས་ཚར་དུ་ལོ་ཁ་ཤས་ནི་ཚོགས་རྒྱུ་གལ་མ་བྱུང་བ་ཡིན་པ་རེད། དེའི་རྗེས་ནས་པཎ་ཆེན་རིན་པོ་ཆེའི་ཐུགས་ཁུར་བསྐྱེད་ནས་སྨོན་ལམ་གྱི་མཛད་སྒོ་ཚོགས་རྒྱུ་བྱུང་པ་རེད། ང་ཚོ་བཙན་བྱོལ་ན་འདི་འབྱོར་ནས་ལྔ་བཅུ་ང་དགུ་ལོ་ལ་ཚོགས་རྒྱུ་མ་བྱུང་པ་རེད་མ་གཏོགས་རྒྱས་བསྡུས་ལ་མ་བལྟས་པས་ཚོགས་རྒྱུ་བྱུང་པ་རེད་ཅེས་བཀའ་བསྩལ་ཡོད་པ་དང་།

ཡང་བཀའ་བསྩལ་དོན། སངས་རྒྱས་བཅོམ་ལྡན་འདས་ལོ་སྟོང་ཕྲག་གཉིས་ལྷག་ཆས་པ་དེ་འདྲ་ཡིན་པ་རེད། ཡིན་ནའང་དུས་ད་ལྟ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཚུལ་ལ་དམིགས་བསལ་གྱི་དོ་སྣང་སླེབས་ཡ་ཅིག་ཡོང་གི་འདུག དེ་གཙོ་བོ་དད་པ་དེ་ཆོས་ལུགས་ཚང་མ་ལ་གསུང་གི་ཡོད་པ་རེད། དེ་དང་ཆབས་ཅིག་བྱམས་པ་དང་སྙིང་རྗེ། ཆོག་ཤེས་སོགས་ཉམས་ལེན་གནང་ཡ་དེ་ཆོས་ལུགས་ཚང་མ་ལ་ཡོད་པ་རེད། དེ་ཚང་མ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་མི་མཁན་ཚང་མས་ཁས་ལེན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཚང་མས་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་མི་ལ་ཕན་གིན་ཡོད་རེད། མིའི་རང་བཞིན་ལྷན་སྐྱེས་ཀྱི་ཉམས་ཚོར་གཙོ་བོ་དེ་གང་རེད་ལབ་ན་གཞན་ལ་བརྩེ་བ་རེད། གཞན་ལ་བརྩེ་བ་བྱེད་པ་ཡིན་ན་སྐྱེས་བའི་ཉི་མ་ནས་རང་ཉིད་བརྩེ་བས་ཚོར་བ་རེད། བརྩེ་བ་ཟེར་རྒྱུ་དེ་མིའི་བཟང་པོའི་ཡོན་ཏན་གཙོ་བོ་ཞིག་རེད་འདུག བརྩེ་བ་དེ་དག་གི་རྒྱབ་རྟེན་འདྲ་པོ་དེ་ལྟ་གྲུབ་རེད་ཅེས་གསུངས་པ་དང་།

ཡང་མུ་མཐུད་གསུང་དོན། འཛམ་བུ་གླིང་ན་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་བྱམས་བརྩེའི་བདག་ཉིད་དཀོན་མཆོག་གཅིག་གི་སྲས་ཡིན་དུས་གཅིག་གིས་གཅིག་ལ་ཕན་བཏགས། གཅིག་གིས་གཅིག་ལ་རོགས་བྱེད་པ་མ་གཏོགས། འཚེར་བ་མི་བྱེད་པ་ཞིག་ཡོང་དགོས་པ་རེད་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་པ་ཚོས་ཀྱང་རང་ཉིད་ལ་ཇི་ཙམ་གྱིས་བྱམས་བརྩེ་ཡོད་པ་ཙམ་གྱིས་རང་ཉིད་སེམས་ཞི་བདེ་སླེབས་སྡོད་པ་སེམས་སྐྱིད་པོ་ཡོང་སྡོད་པ། རང་ཉིད་གང་ལ་རྟེན་ས་ནི་སྤྱི་ཚོགས་དེ་ཡིན་པས། སྤྱི་ཚོགས་དེ་ལ་ཇི་ཙམ་གྱིས་བརྩེ་བ་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་ལ་སེམས་ཐག་ཉེ་པོ་ཡོང་གི་ཡོད་པ་དང་དེས་རང་ལ་ཕན་གྱི་ཡོད་པ་རེད། སྤྱི་ཚོགས་དང་ཁ་བྲལ་ན་ཤེས་ཡོན་ཡོད་པ་དང་སྟོབས་ཡོད་པ་ཞེ་དྲག་ཅིག་ཡིན་པ་ཡིན་ནའང་གཅིག་པོ་སྡོད་ན་འཚོ་ཡ་མེད་པ་རེད། དེ་ནི་ཆོས་ཀྱི་སྐད་ཆ་མིན་པ་མིའི་སྤྱི་ཚོགས་ནང་སྡོད་པ་ནས་གཞན་ཕན་གྱི་བློ་དགོས་པ་གལ་ཆེ་ཡིན་སྐོར་གསུངས་སོང་།

ཡང་གསུང་ཆེས་ཚར་ལ་ཉེ་སྐབས་བཀའ་སློབ་གལ་ཆེ་ཕེབས་དོན། ང་ཚོ་བཙན་བྱོལ་བ་ནི་ཆགས་ཚར་པ་རེད། ཐོན་གོ་ཆོད་པ་ཞིག་བྱེད་ན་ཡག་པོ་འདུག་ཨ། གཞིས་ལུས་བོད་རིགས་མི་དམངས་ཀྱིས་བློ་རྟེན་བཅོལ་ས་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོ་ཁྲ་ཏག་ཏག་ཅིག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་སྟེང་བསྟན་རྒྱུ་ཡོད་པ་ཞིག་ཡོད། བོད་གཞིས་ལུས་མི་དམངས་ཀྱི་སེམས་ལ་སྤྲོ་བ་སླེབས་སྡོད་པ་ཞིག་དང་། བོད་ཀྱི་སངས་རྒྱས་ཀྱི་ཆོས་དང་དེ་དང་འདྲེས་པའི་བོད་སྐད་ཡིག་ནམ་ཡང་ནུབ་ས་མ་རེད་བསམ་པའི་སྙིང་སྟོབས་སླེབས་པ་ཞིག་དང་རེ་བ་སླེབས་ས་ཞིག་ཆགས་ཡོང་གི་འདུག ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་བོད་ནང་སྲོག་ལ་ཐུག་པའི་སྙིང་སྟོབས་ཡོད་པ་དེ་མཐོང་དུས་ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོས་ཧུར་ཐག་མ་བྱེད་ན་འགྲིག་གི་མི་འདུག་བསམ་པའི་སྙིང་སྟོབས་སླེབས་པ་ཞིག་འདུག གང་ལྟར་དུས་ཚོད་ཁག་པོ་འདིའི་ནང་ང་ཚོ་བོད་མི་ས་ཡ་དྲུག་ལྷག་ཡོད་པ་དེ་རྡོག་གཅིག་ལ་སྒྲིལ་ཐུབ་པ་ཞིག་ཆགས་འདུག མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་སྙིང་སྟོབས་ཧ་ལས་པ་རེད་འདུག ང་ཚོ་བོད་པས་རང་རྒྱལ་གཞན་ཕན་ཟེར་གིན་ཡོད་མ་རེད། མི་མང་པོ་ལ་ཕན་ཐོག་ཡོང་བ་ཞིག་ལ་བསམ་བློ་གཏོང་གི་ཡོད་རེད་ཅེས་གལ་ཆེར་བཀའ་སློབ་བསྩལ་སོང་།

སང་ཉིན་ཚེས་ ༢༠ ནས་ ༢༤ ཉིན་གྲངས་བཞིའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་མི་འདྲ་བ་ཁག་བཞི་ཡིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

གསུང་ཆོས་རིང་དབྱིན་སྐད་དང་། རྒྱ་གར། ཉི་ཧོང་། རྒྱ་སྐད། ཝེ་ནམ། ཀོ་རི་ཡ་བཅས་ཀྱི་སྐད་ཐོག་ནསགསུང་བསྒྱུར་གྱིས་བརྒྱུད་ལམ་སོ་སོ་ནས་གསན་གཟིགས་ཐུབ་པ་ཡིན་འདུག

བྱམས་པས་རྡ་ས་ནས།

གསལ་བསྒྲགས་ཀྱི་ས་མིག