26
Fri, Apr

ལོ་རེའི་གཟེངས་རྟགས་བཞེས་མཁན་གྱི་སློབ་མ་རྣམས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སློབ་མ་རྣམས་ཀྱིས་ཞབས་ཞུ་ཚོགས་པ་ཞེས་པ་ཞིགས་གསར་འཛུགས་ཀྱིས་རིན་པོ་ཆེའི་མཛད་དགོངས་བཞིན་སྤྱི་ཚོགས་ཞབས་ཞུ་སོགས་ཞུ་མུས་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས ༡༢ ཉིན་མོར་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་འོག་སྐུ་བཀྲོངས་ནས་ལོ་གསུམ་ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་པ་དང་དེ་དང་བསྟུན་ནས། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་གནང་སྐྱོང་མཛད་པ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་བླ་མ་རིན་པོ་ཆེ་རང་ཉིད་ཀྱི་དགོན་པའི་ནང་ལ་ཞི་བདེ་བག་ཕབ་ཅིག་བཞུགས་ཐབས་བྲལ་བའི་གནས་སྟངས་འོག་ཕྱི་ལོ ༢༠༠༢ ལོ་ནས་འཛིན་བཟུང་བཙོན་འཇུག་གིས་ཕྱི་ལོ ༢༠༡༥ ཟླ ༧ ཚེས ༡༢་བར་མི་ལོ་༡༣་རིང་སྡུག་སྦྱོང་མནར་བཅོད་མི་སྤྱོད་ལས་འདས་པ་ཞིག་བཏང་སྟེ། མཐར་གོང་ཚེས་ཉིན་རྒྱ་ནག་ཁྲིན་ཏུའུ་ཁྲོན་ཏུང་བཙོན་ཁང་དུ་སྐུ་བཀྲོངས་པའི་དངོས་དོན་རྣམས་རྒྱ་ནག་གཞུང་ལ་བདེན་པའི་བརྡ་ལེན་སྟོན་ཆེད་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་མི་རིགས་ཀྱི་རྩ་དོན་ལ་སྨིན་པའི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་ཐོག་མཛད་རྗེས་རླབས་ཆེན་བསྒྲུབས་ཡོད་པ་མ་ཟད། ཡུལ་མི་ཉམ་ཐག་གི་བུ་ཕྲུག་རྣམས་ལ་བུ་གསོ་ཁང་གིས་མཚོན་པའི་སློབ་གྲྭ་གསར་འཛུགས་དང་བགྲེས་སྲོང་ཉམ་ཐག་ལ་རྒས་གསོ་ཁང་སོགས་ཀྱི་མཛད་པ་རྣམ་ཐར་ཇི་སྙེད་ཅིག་ཡོད་པ་ལྟར་།

ང་ཚོ་སློབ་མ་རྣམས་ཀྱིས་ཀྱང་རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་དྲན་སླད་ཞབས་ཞུ་ཚོགས་པས་རིན་པོ་ཆེའི་སྐུ་ཚེ་མ་ཟིན་པའི་ལོ་ནས་ཤེས་ཡོན་གྱི་ཕྱོགས་ནས་ལོ་རེའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་རྩེ་ཕུད་སོན་པའི་བོད་ཕྲུག་རྣམས་ལ་རིན་པོ་ཆེའི་མཚན་ཐོག་ནས་གཟེངས་ཐོན་བྱ་དགའ་འབུལ་དང་། སྤྱི་ཚོགས་རོགས་སྐྱོར་ཕྱོགས་ནས་ལྟ་རྟོག་དང་དཔལ་འབྱོར་དཀའ་ཚེགས་ཅན་གྱི་བོད་མི་རྣམས་ལ་རོགས་སྐྱོར་འབུལ་བཞིན་ཡོད་པ་ལས།

ལོ་དང་པོར་འཛིན་རིམ་བཅུ་གཉིས་མཐོ་རིམ་སློབ་མའི་བྱ་དགའ་ཐེངས་དང་པོ་དེ་སི་ལུ་ཀུ་སློབ་གྲྭའི་བུ་མོ་བསྟན་འཛིན་མཚོ་མོ་ལགས་ལ་གཟེགངས་རྟགས་དང་ཧིན་༡༠༠༠༠་ཕུལ་བ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་བསྣོན་ཐེངས་དང་པོ་དེ་དགུང་ལོ་༡༠༡་ལ་སོན་པའི་སྦེལ་ཀོབ་གྷོ་ལ་ཐ་ལའི་ཨ་མ་འོད་ཟེར་ལགས་ལ་ཕུལ་ཡོད་པ་རེད།

ལོ་གཉིས་པར་མཐོ་རིམ་སློབ་མའི་གཟེངས་རྟགས་བྱ་དགའ་ཐེངས་གཉིས་པ་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་དང་པོ་བཞེས་མཁན་རྡ་སར་གནས་བཞུགས་བུ་མོ་བསྟན་འཛིན་འཆི་མེད་ལགས་སུ་གཟེངས་རྟགས་དང་ཧིན་སྒོར་༡༠༠༠༠་ཕུལ་དང་བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་བསྣོན་དེ་དགུང་ལོ་༩༧་ལ་སོན་པའི་རྡ་སའི་རྒས་གསོ་བྱམས་པ་གླིང་དུ་བཞུགས་པའི་བོད་མདོ་སྨད་རོང་པོ་ཐོ་རྒྱ་ནས་ཡིན་པའི་སྤོ་སྤོ་ཐུབ་བསྟན་ཚེ་རིང་ལགས་གཉིས་ལ་ཕུལ་ཡོད་པ་རེད།

ལོ་གསུམ་པར་མཐོ་རིམ་སློབ་མའི་གཟེངས་རྟགས་བྱ་དགའ་ཐེངས་གསུམ་པ་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་རྩེར་སོན་སྦེལ་ཀོབ་བོད་ཁྱིམ་ནས་ཡིན་པའི་བསྟན་འཛིན་སྟོབས་ལྡན་ལགས་སུ་བྱ་དགའ་དང་ཧིན་སྒོར་༡༦༠༠༠་ཕུལ་ཡོད་འདུག་པ་དང་མོན་གྷོ་རྒས་གསོ་ཁང་གི་བགྲེས་སྲོང་རྣམས་ལ་བཞེས་ལག་ཟབ་རྒྱས་ཤིག་ཕུལ་ཡོད་འདུག
ཕྱི་ལོ༢༠༡༨ལོའི་མཐོ་རིམ་སློབ་མའི་གཟེངས་རྟགས་ཀྱི་བྱ་དགའ་དང་བགྲེས་སྲོང་གི་འཚོ་བསྣོན་ལ་འགྲོ་གྲོན་ཡོངས་རྫོགས་ཀྱི་སྦྱིན་བདག་ཡུ་རོབ་ཧྥ་རན་སི་གནས་བཞུགས་ཨོ་ཐོག་བསྟན་པ་དར་རྒྱས་ལགས་ནས་གནང་སོན་བྱུང་བས་ཞབས་ཞུ་ཚོགས་པའི་དབུས་ས་གཉིས་ཀྱིས་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན་ཞེས་ཞབས་ཞུ་ཚོགས་པའི་དབུས་རྒྱན་ལས་ཁང་ནས་བསྒྲགས་ཡོད་འདུག