སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་འགྱུར་དེབ་༡༣ ཕུལ་སོང་།

བསྒྱུར་རྩོམ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༠ ཉིན། བཞུགས་སྒར་དྷ་ས་༧རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁོང་གི་གསུང་རྩོམ་འགྱུར་དེབ་༡༣ ཕུལ་སོང་། དེ་དག་ནི་༼མྱོང་ཚོར་ཤེས་རྟོགས།༽ ༼ང་ཚོའི་ཁྱིམ་གཞིས་ཁོ་ན།༽ ༼འཇིག་སླ་བའི་གོ་ལ།༽ ༼སྐུལ་འདེད་ཀྱི་གླེགས་ཆུང་།༽ ༼ངོས་ཀྱི་བསམ་བློའི་འགྲུལ་བཞུད།༽ ༼སྐུ་མདུན། ཡབ་གཞིས་ཚང་གི་ལོ་རྒྱུས།༽ ༼༧གོང་ས་ཏཱ་ལའི་བླ་མ། ༽ ༼གངས་ལྗོངས་ནས་བྲོས་བྱོལ་དུ་ཕེབས་པ།༽ ༼༧གོང་ས་ཏཱ་ལའི་བླ་མས་བོད་ཀྱི་དོན་དུ་སྐུ་ངལ་མཛད་པའི་ལོ་རྒྱུས།༽ ༼བཟང་པོའི་དཔུང་ཤུགས།༽ ༼༧གོང་ས་ཏཱ་ལའི་བླ་མ་སུ་ཡིན་ནམ།༽ ༼༧གོང་ས་ཏཱ་ལའི་བླ་མ། འོད་སྟོང་འབར་བའི་མི་ཚེ།༽ ༼༧གོང་ས་ཏཱ་ལའི་བླ་མ། མིའི་གཟུགས་སུ་བྱོན་པའི་སྤྱན་རས་གཟིགས།༽ བཅས་པ་རེད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩་པ་ཡས་མས་ལ་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་དགེ་འདུན་ལགས་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་རིག་བཟང་ལགས་གཙོས་པའི་ལོ་ཙཱ་བ་རྣམ་དང་ལས་བྱེད་ཁག་ཅིག་བཞུགས་སྒར་དྷ་ས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁོང་གི་གསུང་རྩོམ་འགྱུར་དེབ་༡༣ ཕུལ་སོང་།

ཕྱག་དེབ་བཅུ་གསུམ་འདི་དག་ལས་ཁག་ཅིག་༸གོང་ས་མཆོག་གིས་ཆེད་དུ་ལྗགས་རྩོམ་མཛད་པ་དང་། ཁག་ཅིག་ཕྱི་རྒྱལ་གྱི་རྩོམ་པ་པོ་སྐོར་ཞིག་གིས་བརྩམས་པ་ཡིན་འདུག བརྗོད་བྱའི་ཆ་ནས། ཕྱག་དེབ་འདི་དག་གི་ནང་དུ། ༸གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་ཁྱད་པར་དུ་བོད་ཁ་བ་གངས་ཅན་པའི་ཞི་བདེ་དང་བདེ་སྐྱིད་ཆེད་དུ་སྐུ་ངལ་མཛད་པའི་སྐུ་ཚེའི་ལོ་རྒྱུས་དང༌། ནུབ་ཕྱོགས་པའི་ཚན་རིག་པ་དང་ལྷན་དུ་གནང་བའི་བགྲོ་གླེང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་འདུས་ཡོད་འདུག

ཕྱག་དེབ་དང་པོ། <<མྱོང་ཚོར་ཤེས་རྟོགས།>> -སེམས་ཁམས་སྙོམ་སྒྲིག་དང་བྱམས་བརྩེའི་འགོག་རྐྱེན་ལས་རྣམ་པར་རྒྱལ་ཚུལ་ཞེས་པ་ནི། ༸གོང་ས་མཆོག་དང་ཨ་རིའི་ཚན་རིག་པ་གྲགས་ཆེན་ཨེ་ ཀི་མན(Paul Ekman)གཉིས་བར་དུ་བྱུང་བའི་བཞུགས་མོལ་གྱི་བགྲོ་གླེང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་འདུག གཉིས་པ། <<ང་ཚོའི་ཁྱིམ་གཞིས་ཁོ་ན།>> -ཁོར་ཡུག་གི་ཕྱོགས་ནས་འཛམ་གླིང་ལ་འབོད་སྐུལ་ཞེས་པ་ནི། ༸གོང་ས་མཆོག་དང་འཇར་མན་གྱི་གསར་འགོད་པ་ཧྥི་རན་ཛི(Franz Alt) རྣམ་གཉིས་ཀྱིས་རང་བྱུང་ཁོར་ཡུག་གི་སྐོར་ལ་ཆེད་དུ་བྲིས་པའི་རྩོམ་ཡིག་དང་དེ་འབྲེལ་གྱི་དགོངས་ཚུལ་བརྗེ་རེས་སོགས་ལས་གྲུབ་པའི་ཕྱག་དེབ་ཅིག་ཡིན་འདུག གསུམ་པ། <<འཇིག་སླ་བའི་གོ་ལ།>> -༸གོང་ས་མཆོག་གི་ཁོར་ཡུག་སྐོར་གྱི་བཀའ་དགོངས་ཞེས་པ་ནི། ཁེ་ན་ཌ་ནས་ཡིན་པའི་མི་ལོ་སུམ་ཅུ་ལྷག་ལ་བོད་ཀྱི་སྐོར་ལ་ཉམས་ཞིབ་ཀྱིས་རྩོམ་ཡིག་སྤེལ་མྱོང་བའི་མེ་ཁིལ(Michael Buckley)གྱིས་སྐུ་མདུན་གྱི་ཁོར་ཡུག་སྐོར་གྱི་བཀའ་དགོངས་ཀྱི་ལེགས་བཤད་རྣམས་གཅེས་བཏུས་བྱས་ཏེ། བོད་ཀྱི་རི་ལུང་གི་འདྲ་པར་དང་སྦྲགས་ནས་བཀོད་པའི་ཚོན་ལྡན་ཕྱག་དེབ་ཅིག་ཡིན་འདུག

ཕྱག་དེབ་བཞི་པ། << སྐུལ་འདེད་ཀྱི་གླེགས་ཆུང>>ཞེས་པ་ནི། ༸གོང་ས་མཆོག་གིས་ཉེ་བའི་ཆ་ལ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་མི་མང་ལ་སེམས་ སྤོབས་སྩོལ་བའི་དོན་དུ་གསུངས་པའི་ལེགས་བཤད་མི་འདྲ་བ་བརྒྱ་དང་སུམ་ཅུ་བོད་དབྱིན་ཤན་སྦྱར་དུ་བཀོད་པ་ཞིག་ཡིན། ལྔ་པ། <<ངོས་ཀྱི་བསམ་བློའི་འགྲུལ་བཞུད།>> -སྒེར་གྱི་བསམ་གཞིག་དང༌། གསུང་ཆོས། བཀའ་སློབ་ཅེས་པ་ནི། སོ་ཧྥེ་ཡ(Sofia Stril-Rever) ཡིས་༸གོང་ས་མཆོག་གི་དགོངས་པ་དང་ཐུགས་བཞེད་རྣམས་མགོན་པོ་ གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་དུ་དྲིལ་བའི་རང་རྣམ་ཞིག་ཡིན་འདུག་ཡིན་འདུག དྲུག་པ། <<སྐུ་མདུན།>> -ཡབ་གཞིས་ཚང་གི་ལོ་རྒྱུས་ཞེས་པ་ནི། དབྱིན་ ཇིའི་རྩོམ་པ་པོ་དང་གསར་འགོད་པ་མར་རེ་ཁི་རལ་གྷི(Mary Craig)ཡིས་གཙོ་བོ་༸རྒྱལ་བའི་གཅེན་གཅུང་རྣམས་ལ་བཅར་འདྲི་དང་ཉམས་ཞིབ་བྱས་ ནས་བརྩམས་པའི་ཡབ་གཞིས་ཚང་གི་ལོ་རྒྱུས་རིང་པོ་དམིགས་བསལ་བ་ཞིག་ཡིན་འདུག བདུན་པ། <<༸གོང་ས་ཏཱ་ལའི་བླ་མ།>> -ཆབ་སྲིད་ཀྱི་སྐུ་དབང་ རྒྱ་ཆེར་བཞེས་པའི་སྐུ་ཚེའི་ལོ་རྒྱུས་ཞེས་པ་ནི། ཨ་རིའི་རྩོམ་པ་པོ་ཕ་ཊི་རེ་ཤ་(Patricia Cronin Marcello) ཡིས་སྐུ་མདུན་གྱི་སྐུ་ཚེའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཉམས་ཞིབ་ཀྱིས་བྲིས་པའི་མཛད་རྣམ་བརྗོད་བྱ་སྣ་འདུས་ཤིག་ཡིན་འདུག

ཕྱག་དེབ་བརྒྱད་པ། <<གངས་ལྗོངས་ནས་བྲོས་བྱོལ་དུ་ཕེབས་པ།>> -བསམ་བློའི་དབུ་ཁྲིད་རླབས་ཆེན་ཞིག་འབྱུང་བྱེད་དུ་གྱུར་པའི་བྲོས་བྱོལ་གྱི་དཀའ་སྡུག་ཅེས་པ་ནི། ཨ་རིའི་རྩོམ་པ་པོ་དང་གསར་འགོད་པ་སི་ཊེ་ཧྥན(Stephan Talty)་གྱིས་གཙོ་བོ་སྐུ་ན་གཞོན་པའི་༸རྒྱལ་བ་རིན་པོ་ཆེ་བོད་ནས་བཙན་ བྱོལ་ལ་ཕེབས་ཚུལ་དང་དེའི་སྔ་གཞུག་ཏུ་བྱུང་བའི་དྲག་རྒོལ་གྱི་གནས་ཚུལ རྣམས་ཞིབ་ཕྲར་བཀོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་གལ་ཆེན་ཞིག་ཡིན་འདུག དགུ་པ། <<༸གོང་ས་ཏཱ་ལའི་བླ་མས་བོད་ཀྱི་དོན་དུ་སྐུ་ངལ་མཛད་པའི་ལོ་རྒྱུས>>ཞེས་པ་ནི། ཨ་རིར་གནས་སྡོད་བྱེད་པའི་རྒྱ་གར་གྱི་གསར་འགོད་པ་མཱ་ཡན-ཆ་ཡཱ(Mayank Chhaya)་ཡིས་བརྩམས་པའི་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག བཅུ་པ། <<བཟང་པོའི་ དཔུང་ཤུགས།>> -འཛམ་གླིང་ལ་བཅངས་པའི་༸གོང་ས་ཏཱ་ལའི་བླ་མའི་འཆར་སྣང་ཞེས་པ་ནི། ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་ཚན་རིག་གི་གསར་འགོད་པ་དང་རྩོམ་པ་པོ་ཌན་ཉལ(Daniel Goleman)གྱིས་༸གོང་ས་ མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོའི་དགོངས་བཞེད་རྣམས་ནུབ་ཕྱོགས་པའི་ཤེས་ཡོན་གྱི་ཁོར་ཡུག་ཏུ་དར་ཁྱབ་འབྱུང་བཞིན་པ་བརྗོད་པའི་ ཕྱག་དེབ་ཁྱད་པར་བ་ཞིག་ཡིན་འདུག

ཕྱག་དེབ་བཅུ་གཅིག་པ། <<༸གོང་ས་ཏཱ་ལའི་བླ་མ་སུ་ཡིན་ནམ>>ཞེས་པ་ནི། བྱིས་པའི་དེབ་སུམ་བརྒྱ་ལྷག་བྲིས་མྱོང་བའི་ཌ་ན(Dana Meachen Rau) ལགས་ཀྱིས་བརྩམས་པའི་༸རྒྱལ་བའི་སྐུ་ཚེའི་ལོ་རྒྱུས་ཧྲིལ་པོ་སྙིང་བསྡུས་ཀྱིས་ཡིད་འོང་གི་རི་མོ་དང་སྦྲགས་ནས་བཀོད་པའི་མཛད་རྣམ་ཞིག་ཡིན་འདུག བཅུ་གཉིས་པ། <<༸གོང་ས་ཏཱ་ལའི་བླ་མ།>> -འོད་སྟོང་འབར་བའི་སྐུ་ཚེ་ཞེས་པ་ནི། ཨ་རིའི་གསར་ཤོག་གཉིས་ཀྱི་རྩོམ་སྒྲིག་པ་ཟུར་པ་ལིན-ཧ་མིལ་ཊོན(Lynn M. Hamilton)གྱིས་༸གོང་ས་མཆོག་གི་མཛད་པ་དང་བཀའ་ དགོངས་ཀྱི་ཆ་མང་པོ་ཞིག་སྙིང་བསྡུས་སུ་བཀོད་པའི་མཛད་རྣམ་ཞིག་ཡིན་འདུག བཅུ་གསུམ་པ། <<༸གོང་ས་ཏཱ་ལའི་བླ་མ།>> -མིའི་གཟུགས་སུ་བྱོན་པའི་སྤྱན་རས་གཟིགས་ཞེས་པ་ནི། རྒྱ་གར་གྱི་རྩོམ་པ་པོ་ཨ་ར་ཝིན་ཌ(Aravin- da Anantharaman)ཡིས་ཀློག་པ་པོ་གཞོན་པ་རྣམས་ལ་དམིགས་ནས་ ༸རྒྱལ་བའི་མཛད་པ་ཙམ་དུ་མ་ཟད་བོད་ཀྱི་ལོ་རྒྱུས་ནང་གི་དོན་གནད་གལ་ཆེན་ཡང་གནད་བསྡུས་སུ་བཀོད་པའི་དེབ་ཁྱད་པར་བ་ཞིག་ཡིན་འདུག

ཕྱག་དེབ་དེ་དག་ནི་ལོ་གཉིས་གོང་ནས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་སྐུའི་གོ་སྟོན་སྲུང་བརྩི་ཆེད་དམིགས་བསལ་བརྩམས་པའི་ལས་གཞི་ཤིག་ཡིན་འདུག འདི་ལོ་ལོ་འཁོར་མ་སྐུའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་ཞུ་བཞིན་ཡོད་སྟབས་ཟླ་འདིའི་ཚེས་༡༠ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ནས་དངོས་སུ་ཁོང་ལ་བོད་འགྱུར་ཕྱག་དེབ་༡༣་དེ་དག་ཕུལ་ཡོད་འདུག

དགའ་ལྡན་ཕོ་བྲང་གི་མཐུན་སྦྱོར་འོག་བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ལྷན་ཁང་གིས་ད་བར་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་ཕྱག་དེབ་༤༡་དབྱིན་ཇི་ནས་བོད་སྒྱུར་གནང་ཡོད་འདུག ལྷན་ཁང་དེ་ཉིད་ཀྱིས་༸གོང་ས་མཆོག་གིས་མཛད་པ་དང་འབྲེལ་བའི་ཕྱག་དེབ་༤༢་བོད་སྒྱུར་གནང་ཡོད་འདུག ཁྱོན་ད་བར་༸རྒྱལ་བ་རིན་པོ་དང་འབྲེལ་བའི་ཁོང་གི་མཛད་པ་དང་སྐུའི་ལོ་རྒྱུས་སོགས་ཕྱག་དེབ་༨༣་བསྒྱུར་གནང་ཡོད་འདུག