ཕྱི་ལོ་༢༠༢༥ ཟླ་༨ ཚེས་༡༡ ཉིན་སྤེལ། རྒྱལ་སྤྱིའི་ཁྲིམས་ལུགས་ཚོགས་པ་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་གང་བོ་འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེ། གོ་ལའི་བྱམས་བརྩེ་ཐོག་སྐུ་ལས་སྐྱོན་པར་ངོ་འཛིན་དང་ཆེ་མཐོང་གནང་ཆེད་རྒྱལ་སྤྱིའི་ཞི་བདེ་གཟེངས་རྟགས་ཞེས་པ་དེ་ཕུལ་ཡོད་འདུག
དེ་ཡང་། ཟླ་འདིའི་ཚེས་༩ ཉིན་དབྱིན་ལེན་ལན་ཏོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཚོགས་པ་(International Council of Jurists) ཡིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། གཅེར་བུ་ཆོས་ལུགས་དབུ་ཁྲིད་ལོ་ཀེ་ཞི་མུ་ནི་མཆོག (Dr Lokesh Muni)་དང་། པ་ཀི་སི་ཐན་གྱི་བྱིས་པའི་ཤེས་ཡོན་འཐབ་རྩོད་པ་མ་ལ་ལ་ཡུ་སཱ་ཧྥ་ཛི་(Malala Yousafzai)་རྣམ་པ་གསུམ་ལ་རྒྱལ་སྤྱིའི་ཞི་བདེ་གཟེངས་རྟགས་གནང་འདུག
ཁྲིམས་ལུགས་ཚོགས་པ་དེ་ཡིས་བརྗོད་པ་ལྟར་ན། ཁོང་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་ཞི་བདེ་གཟེངས་རྟགས་གནང་དགོས་འདུན་ནི་༸གོང་ས་མཆོག་གིས་སྐུ་ཚེ་གང་བོ་འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེ། གོ་ལའི་བྱམས་བརྩེ་ཐོག་སྐུ་ལས་སྐྱོན་པར་ངོ་འཛིན་དང་ཆེ་མཐོང་གནང་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་འདུག
གཅེར་བུ་ཆོས་ལུགས་དབུ་ཁྲིད་ལོ་ཀེ་ཞི་མུ་ནི་མཆོག་གིས་ཆོས་ལུགས་ཕན་ཚུན་འབྲེལ་མོས་ཡོང་ཐབས་ལ་འབད་པ་དང་། སྤྱི་ཚོགས་བཅོས་བསྒྱུར། བཟང་སྤྱོད་ལྡན་པའི་དབུ་ཁྲིད་གནང་བ་བཅས་ལ་བརྟེན་ནས་ཁོང་ལ་རྒྱལ་སྤྱིའི་ཞི་བདེ་གཟེངས་རྟགས་གནང་ཡོད་སྐོར་བརྗོད་འདུག
དེ་བཞིན་བྱིས་པའི་ཤེས་ཡོན་འཐབ་རྩོད་པ་མ་ལ་ལ་ཡུ་སཱ་ཧྥ་ཛི་ལགས་ཀྱིས་སྙིང་སྟོབས་ཆེན་པོས་ཤེས་ཡོན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱས་པ་དང་། འཇིགས་སྐུལ་རིང་ལུགས་པ་ཁ་གཏད་གཅོག་པ་བཅས་ལ་བརྟེན་ནས་ཁོང་མོས་ལ་རྒྱལ་སྤྱིའི་ཞི་བདེ་གཟེངས་རྟགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
རྒྱལ་སྤྱིའི་ཁྲིམས་ལུགས་ཚོགས་པའི་ཚོགས་གཙོ་ཨ་དེ་ཞེ་ཨ་གྷར་ཝ་ལ་ལགས་(Dr Adish C. Aggarwala)་ཀྱིས་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་ཡིས་ཉེན་ཁ་འཕྲད་བཞིན་པའི་སྐབས་སུ་ང་ཚོས་བཟང་སྤྱོད་ལྡན་པའི་ཁྱད་འཕགས་ཅན་མི་སྣ་འདི་གསུམ་ལ་གཟེངས་རྟགས་འདི་གནང་རྒྱུ་བྱུང་བར་དགའ་སྤོབས་སྐྱེས་ཡོད། ཅེས་བརྗོད་འདུག