03
Wed, Dec
5 རྩོམ་གསར།

རྟ་དབང་མི་མང་བརྒྱ་ཕྲག་འགའ་ཡིས་ཞི་བའི་གོམ་བགྲོད་གནང་ནས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ལོ་༢༠༢༥་ཟླ་༧ ཚེས་༢༣ ཉིན། རྟ་དབང་མི་མང་བརྒྱ་ཕྲག་འགའ་ཡིས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་གནང་དགོས་པའི་ཞི་བའི་གོམ་བགྲོད་གནང་སྐབས།

རྒྱལ་སྤྱི།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥་ཟླ་༧ ཚེས་༢༣ ཉིན། རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག དགོན་པ་ཁག་གི་བླ་མ་དང་གྲྭ་བཙུན། སློབ་གྲྭ་ཁག་གི་སློབ་མ། ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། ས་གནས་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་མཉམ་འཛོམས་གནང་ནས་རྟ་དབང་དགོན་པ་ནས་སངས་རྒྱས་སྐྱེད་ཚལ་བར་དུ་ཞི་བའི་གོམ་བགྲོད་གནང་ཡོད་འདུག ཁོང་རྣམས་ཀྱིས་རྒྱ་གར་གཞུང་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་ར་ཏི་ཎ་(Bharat Ratna) སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག དགོན་པ་ཁག་གི་བླ་མ་དང་གྲྭ་བཙུན། སློབ་གྲྭ་ཁག་གི་སློབ་མ། ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། ས་གནས་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་རྟ་དབང་དགོན་པའི་ཉེ་འགྲམ་དུ་འཛོམས་གནང་ནས་ཞི་བའི་གོམ་བགྲོད་གནང་བའི་དབུ་འབྱེད་བྱེད་སྒོ་ཤིག་ཚོགས་འདུག

སྐབས་དེར། སྐྱབས་རྗེ་ཤེར་གླིང་སྤྲུལ་སྐུ་རིན་པོ་ཆེ་དང་། སྐྱབས་རྗེ་རིག་ཡག་ལྷ་འོད་རིན་པོ་ཆེ། སྐྱབས་རྗེ་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ། རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་དོན་གྲུབ་ལགས་སོགས་ནས་གསུང་བཤད་གནང་ཡོད་འདུག སྐབས་དེར། ཁོང་རྣམ་པས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ། རྒྱ་གར་གནའ་བའི་རིག་གནས་བསྐྱར་གསོ་ཡོང་ཐབས་སོགས་ཀྱི་ཐོག་སྐུ་ལས་ཚད་མེད་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད་རྐྱེན། རྒྱ་གར་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་ར་ཏི་ཎ་(Bharat Ratna) གནང་བའི་འབོད་སྐུལ་ཞུས་འདུག

རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་ཡིན་པ་མ་ཟད། མོན་པའི་རིག་གཞུང་གི་ཚེ་སྲོག་རེད། ༸གོང་ས་མཆོག་གིས་མི་ཚེ་ཧྲིལ་པོ་འཚེ་མེད་ཞི་བ་དང་། ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཅས་ཀྱི་ཐོག་བཏང་བར་བརྟེན། ༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་གནང་འོས་རེད། ཅེས་བཀོད་འདུག

ཉེ་བའི་ལོ་ཤས་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་། གྲོས་ཚོགས་འཐུས་མི། ལས་འགུལ་བ་སོགས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཉེ་ཆར་༸གོང་ས་མཆོག་གི་འཁྲུངས་སྐར་སྐབས་སུ་རྒྱ་གར་གྲོས་ཚོགས་འཐུས་མི་༨༠ ལྷག་གིས་རྒྱ་གར་གཞུང་ལ་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་གནང་དགོས་པའི་འབོད་སྐུལ་ཞུས་སོང་།