03
Wed, Dec
5 རྩོམ་གསར།

རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་དགེ་འདུན་པ་ཞིག་མནར་གཅོད་ཚད་མེད་བཏང་རྐྱེན་འདས་གྲོངས་ཕྱིན་འདུག

དགེ་འདུན་པ་ཨ་འཛིན་ལགས་ཀྱི་དགོན་པ་དཔལ་ཤོད་དགོན།

བོད་ཡུལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༥ ཉིན་སྤེལ། བོད་མདོ་ཁམས་ཚ་བ་དཔལ་ཤོད་དགོན་གྱི་སྤྲུལ་སྐུ་ངག་དབང་འཕྲིན་ལས་ཀྱི་ཕྱག་མཛོད་དགེ་འདུན་པ་ཨ་འཛིན་ལགས་རྒྱ་གར་དུ་བཙན་བྱོལ་དུ་བྲོས་འབྱོར་ཡོང་སྐབས། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཁོང་བཀག་ཉར་བྱེད་རིང་ཉེན་རྟོག་པས་འདྲི་གཅོད་འདྲ་མིན་བྱས་ནས་བཅར་རྡུང་དང་མནར་གཅོད་ཚད་མེད་བཏང་ནས་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག གློད་གྲོལ་ཐོབ་ནས་ཟླ་བཞི་རྗེས་སུ་འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་ཡང་། དཔལ་ཤོད་དགོན་པའི་དགེ་འདུན་པ་ཨ་འཛིན་ལགས་ནི་སྤྲུལ་སྐུ་ངག་དབང་འཕྲིན་ལས་ཀྱི་ཕྱག་མཛོད་ཡིན་ཞིང་། ཕྱི་ལོ་༢༠༠༤་ལོར་རྒྱ་གར་དུ་བཙན་བྱོལ་དུ་བྲོས་འབྱོར་དུ་ཕེབས་སྐབས། རྒྱ་གཞུང་ཉེན་རྟོག་པས་ལམ་དབར་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་ནས་ཉེན་རྟོག་པས་ཁོང་ཟླ་གཅིག་ལྷག་བཙོན་འཇུག་བཀག་ཉར་བྱས་ཡོད་ཅིང་། བཙོན་འཇུག་བཀག་ཉར་རིང་ལ་ཁོང་ལ་འདྲ་རྩད་འདྲ་མིན་བྱེད་སྐབས་ཁོང་གིས་དྲང་བདེན་ངང་ནས་ལན་འདེབས་བྱས་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ནས་བཅར་རྡུང་དང་མནར་གཅོད་ཚད་མེད་བཏང་ཡོད་འདུག

དགེ་འདུན་ཨ་འཛིན་ལགས་ཀྱི་ནང་མི་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན། དགེ་འདུན་པ་ཨ་འཛིན་ལགས་ཕྱི་ལོ་༢༠༠༤་ལོར་རྒྱ་གར་དུ་བཙན་བྱོལ་དུ་བྲོས་འབྱོར་ཡོང་སྐབས། རྒྱ་གཞུང་ཉེན་རྟོག་པས་ལམ་དབར་དུ་འཛིན་བཟུང་བཀག་ཉར་བྱས་འདུག ཉེན་རྟོག་པས་ཐེངས་མང་འདྲི་གཅོད་བྱས་ཀྱང་། ཁོང་གིས་བདེན་པའི་ངག་ལས་མ་གཡོས་པར་བརྟེན། མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་དགོས་བྱུང་འདུག བཙོན་ཁང་ནང་གི་གཅར་རྡུང་གིས་རྐྱེན་པས། ཨ་འཛིན་ལགས་གློད་གྲོལ་ཐོབ་རྗེས། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་འདུག སྨན་པས་བརྟག་དཔྱད་བྱས་རྗེས་ཁོང་ལ་མཆིན་པར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། འཕྲལ་དུ་སྨན་བཅོས་ནན་པོ་བྱེད་དགོས་པའི་སྐུལ་མ་བཏང་འདུག དེ་ནས་ནང་མི་དང་གཉེན་ཉེ་ཚང་མས་སྨན་པ་མཁས་པ་བསྟེན་ཏེ་སྨན་བཅོས་གང་ལེགས་བྱས་ཀྱང་། བཙོན་གྲོལ་ཐོབ་ནས་ཟླ་བ་བཞིའི་རྗེས་སུ། ཁོང་སྨན་ཁང་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སོང་།

དགེ་འདུན་ཨ་འཛིན་ལགས་ལ་གཞུང་ཉེན་རྟོག་པས་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་ཕྱིན་ནས་མི་ལོ་ཉི་ཤུ་ཕྱིན་ཡོད་ཀྱང་། ཁོང་གི་སྐོར་གྱི་གནས་ཚུལ་བཙན་བྱོལ་དུ་ཡོད་པའི་ནང་མི་ཡིས་གཞི་ནས་ཤེས་རྟོགས་བྱུང་ཡོད་འདུག སྤྱིར་རྒྱ་གཞུང་གི་དམ་བསྒྲགས་ཤུགས་ཆེན་འོག་བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་དང་གནས་ཚུལ་རང་དབང་ལྡན་པའི་རྒྱལ་ཁབ་ནང་དུ་ཤེས་རྟོགས་བྱུང་བར་ཧ་ཅང་ཁག་པོ་ཆགས་ཡོད། དམིགས་བསལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་མིའི་གནས་ཚུལ་དེ་ལས་ཁག་པོ་ཆགས་ཡོད།

ཨ་འཛིན་ནི་ཁམས་ཚ་བ་དཔལ་ཤོད་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་དཔལ་ཤོད་དགོན་དུ་སློབ་གཉེར་གནང་བ་དང་ཆབས་ཅིག་དགོན་པའི་སྤྲུལ་སྐུ་ངག་དབང་འཕྲིན་ལས་ལ་ཞབས་ཕྱི་ལོ་མང་ཞུས་ཡོད་འདུག སྤྱི་ལོ་ ༢༠༠༤ ལོར་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་མུ་མཐུད་གནས་མ་ཐུབ་པར་བཙན་བྱོལ་དུ་ཕེབས་ཐབས་གནང་། འོན་ཀྱང་ཕེབས་ལམ་དུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ལྷག་བཙོན་འཇུག་བྱས་འདུག བཙོན་ཁང་དུ་ཉེན་རྟོག་པས་མནར་གཅོད་དང་རྡུང་རྡེག་ཚད་མེད་བཏང་རྐྱེན་ཁོང་གི་མཆིན་པར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་འདུག བཙོན་གྲོལ་ཐོབ་ནས་ཟླ་བ་བཞི་ཙམ་གྱི་རྗེས་སུ་དགུང་ལོ་ ༤༨ ཐོག་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག གནས་ཚུལ་འདི་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྒྱུ་མཚན་ལ་བརྟེན་ནས་བོད་མི་ཞིག་ལ་གནོད་འཚེ་བཏང་བའི་ལོ་རྒྱུས་ཤིག་ཆགས་ཀྱི་ཡོད།