03
Wed, Dec
5 རྩོམ་གསར།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་སོང་།

ཕྱི་ལོ་༢༠༢༤ ཟླ་༧ ཚེས་༡༢ ཉིན། ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། པར༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༤ ཟླ་༧ ཚེས་༡༢ ཉིན། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གི་བཙོན་འོག་ནས་སྐུ་འདས་གྲོངས་ཕྱིན་པའི་ཉིན་མོ་དང་བསྟུན། རིན་པོ་ཆེ་མཆོག་ལ་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་ཞིག་དང་།

ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རིན་པོ་ཆེ་མཆོག་གར་སོང་ཆ་མེད་འགྱུར་བའི་སྐོར་དང་རིན་པོ་ཆེ་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཉེའི་སྐབས་གསུངས་པའི་སྒྲ་འཛིན་འཁོར་ཐག་ཕབ་བཤུས་སྐོར། ཁྲིམས་གཏུགས་རིམ་པ་བྱས་པའི་སྐོར། ས་གནས་བོད་མི་མང་གིས་ཞི་འབོད་དང་ཞུ་གཏུགས་རིམ་པ་བྱས་པའི་སྐོར་སོགས་དང་འབྲེལ་ནས་མོ་རང་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་<<ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ>>་འགྲེམས་སྤེལ་དབུ་འབྱེད་གནང་སོང་།

དེ་ཡང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མྱ་ངན་རྗེས་དྲན་ཚོགས་འདུའི་སྐུ་མགྲོན་གཙོ་བོ་རུ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རིན་པོ་ཆེའི་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། རྩོམ་པ་པོ་རྡོ་རྗེ་རིན་ཆེན་ལགས་བཅས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་རིན་པོ་ཆེའི་སློབ་མ་སོགས་མཉམ་ཞུགས་གནང་འདུག ཐོག་མར་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་སྐུ་པར་མདུན་མར་མེ་ཞལ་ཕྱེ་གནང་རྗེས། རྒྱ་ནག་གཞུང་གི་མནར་གཅོད་འོག་ཚེ་སྲོག་ཤོར་པ་དང་། སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་སོང་།

དེ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་མྱ་ངན་རྗེས་དྲན་ཚོགས་འདུ་ངོ་སྤྲོད་གནང་དོན། དེ་རིང་ནི་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གིས་མ་ཉེས་ཁ་གཡོག་བྱས་ནས་འཛིན་བཟུང་བཙན་ཁྲིད་དང། མཐའ་མར་སྐུ་སྲོག་དཀྲོགས་པའི་ཉིན་མོ་རེད། ང་ཚོས་ཁོང་ལ་མྱ་ངན་རྗེས་དྲན་དང་ཁོང་གི་བཀའ་སློབ་རྣམས་དྲན་རྗེས་བྱེད་རྒྱུ་མ་ཟད་ལག་བསྟར་བྱེད་དགོས་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་བཅས་ནས་<<ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ>> ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། དེ་ནས་ཉི་མ་ལྷ་མོའི་དཔེ་དེབ་བྲིས་མཁན་རྡོ་རྗེ་རིན་ཆེན་ལགས་ཀྱིས་དཔེ་དེབ་དེ་འབྲི་དགོས་པའི་དམིགས་དང་དེའི་རྒྱབ་ལྗོངས། དེ་བཞིན་དེབ་དེའི་ངོ་སྤྲོད་གནང་དོན། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་༸གོང་ས་མཆོག་གི་བཀའ་དགོངས་ལག་བསྟར་གནང་ནས་བོད་ནང་དགོན་པ་དང་། སློབ་གྲྭ དྭ་ཕྲུག་ཁང་། རྒས་གསོ་ཁང་གསར་འཛུགས། ཁོར་ཡུག་སྲུང་སྐྱོབ་སོགས་གནང་ནས་བོད་བསྟན་སྲིད་ལ་ཕན་པའི་བྱ་བ་རླབས་ཆེན་རྩོམ་མཁན་དང་སྒྲུབ་མཁན་ཞིག་ཡིན། དེར་བརྟེན། དེ་བཞིན་རླབས་ཆེན་མི་སྣ་དང་བྱས་རྗེས་ཅན། བླ་མ་དང་དཔོན་པོ། སྒྱུལ་རྩལ་པ། ཡང་ན་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་རྣམས་ནི་རྒྱ་གཞུང་གི་མིག་ནང་གི་ཚེར་མ་ཆགས་བསྡད་ཡོད། ཁོ་ཚོས་གཙང་བཟོ་ཟེར་བའི་སྲིད་བྱུས་ལག་བསྟར་བྱས་ནས་མ་ཉེས་ཁ་གཡོག་བྱས་ནས་བོད་མི་རྣམས་མང་པོ་ཞིག་མེད་པ་བཟོས་དང་བཟོ་བཞིན་པ་རེད། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཀྱང་རྒྱ་གཞུང་གི་མིག་ནང་ཚེར་མ་ཆགས་ཙང་། ཁོང་ཕྱི་ལོ་༢༠༠༢ ཟླ་བ་༤ ཚེས་༧ ཉིན་གཟའ་ཉི་མའི་ཉིན་མོའི་མཚན་མོར་རྒྱ་གཞུང་ཉེན་རྟོག་པས་ཉག་ཆུ་རྫོང་དུ་ཡོད་པའི་ཁོང་གི་དགོན་པ་བསྐོར་ནས་ཁོང་ལ་ཁྲིན་ཏུར་འབར་རྫས་གས་འཐོར་དང་འབྲེལ་བའི་ཉེས་མིང་བཙུགས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད། དེ་ནི་ང་ཚོ་བོད་མི་ཚོར་མཚོན་ན་སེམས་ལ་བཟོད་ཐབས་བྲལ་བ་ཞིག་རེད།

དེར་བརྟེན། ཕྱི་ལོ་༢༠༠༤་ལོར་ངས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཞིག་དང་དྲང་བདེན་མིན་པའི་ཁྲིམས་ཆད་ལ་དཔྱད་པ་སོགས་ཀྱི་སྐོར་དེབ་ཁ་ཤས་ཤིག་བྲིས་པ་རེད། དེར་བརྟེན་ཁ་ཤས་ཤིག་གིས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་རང་དབང་ལུང་པའི་ནང་དུ་བྲོས་འབྱོར་ཡོང་ཡོད་པས་ཁོ་མོ་བརྒྱུད་ནས་རིན་པོ་ཆེའི་སྐོར་དཔེ་དེབ་ཅིག་འབྲི་ཐུབ་ན་ཡག་པོ་འདུག་ཅེས་སྐུལ་མ་བྱས་སོང་། ཉི་མ་ལྷ་མོ་ནི་བོད་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་འབྲེལ་བ་ཉེ་ཤོས་དང་ཁོང་གི་སྐོར་ལ་གནས་ཚུལ་རྒྱུས་མངའ་ཆེ་ཤོས་ཡོད་མཁན་ཞིག་དང་། རིན་པོ་ཆེ་དགོངས་པ་རྫོགས་སྐབས་ཀྱི་གནས་ཚུལ་ཡང་རྒྱུས་མངའ་ཡོད་མཁན་ཞིག་ཡིན་སྟབས། ཁོ་མོས་རིན་པོ་ཆེ་དང་འབྲེལ་བའི་སྐོར་གནས་ཚུལ་བརྗོད་ནས་ངས་བྲིས་པ་རེད། ད་བར་རིན་པོ་ཆེའི་སྐོར་དེབ་ཆ་ཚང་ཅིག་ཡོད་མ་རེད། ད་ཐེངས་འདི་ཁོང་གི་སྐོར་གནས་ཚུལ་ཆ་ཚང་བའི་དཔེ་དེབ་ཅིག་ཆགས་རྒྱུ་རེ་བ་ཞུ་ཡི་ཡོད། ཅེས་སོགས་འགྲེལ་བརྗོད་གནང་སོང་། དེའི་རྗེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས་དྲ་ལམ་བརྒྱུད་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གཏམ་བཤད་གནང་སོང་།

དེ་ནས་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གི་དགོངས་པ་བཞེས་སྟངས་ཐོག་ནས་གསུང་དོན། རིན་པོ་ཆེ་ནི་མི་རིགས་མཐུན་སྒྲིལ་ལ་ཧ་ཅང་གལ་ཆེན་ལྟ་མཁན་ཞིག་རེད། ཁོང་གིས་རྒྱ་རིགས་དང་བོད་རིགས་གཉིས་འདྲ་མཉམ་ཐོག་ནས་ལྟ་ཡི་རེད། དམིགས་བསལ་བོད་དུ་ཡོང་བའི་རྒྱ་རིགས་དེ་ཚོར་ལྟ་སྟངས་འདྲ་མཉམ་འཛིན་དགོས་པའི་བཀའ་སློབ་གནང་བ་དང་ལོ་གསར་སྐབས་སུ་རྒྱ་རིགས་བྱིས་པ་ཚོར་སྒོར་མོ་གནང་བ་སོགས་གནང་གི་རེད། རྒྱ་རིགས་བྱིས་པ་དེ་ཚོ་རིན་པོ་ཆེར་དགའ་པོ་གནང་གི་རེད། དེ་བཞིན་རིན་པོ་ཆེ་མཆོག་གིས་དགོན་པའི་ནང་དུ་བོད་ཀྱི་ཆོས་ལུགས་འདྲ་མིན་གྱི་སྐུ་འདྲ་བཞེངས་ཡོད། ད་ལྟར་བསམ་བློ་བཏང་ན་དེ་ནི་ཆོས་ལུགས་ཚང་མར་གུས་བརྩི་དང་འདྲ་མཉམ་ལྟ་ཡི་ཡོད་པ་རྟོགས་ཐུབ་ཀྱི་འདུག གཞན་ཡང་། རིན་པོ་ཆེ་མཆོག་གིས་ཕ་ཡུལ་ལི་ཐང་དང་ཉག་ཆུ་ལ་བཙུན་མའི་དགོན་པ་ཐོག་མ་གསར་འཛུགས་གནང་བ་རེད། ཁོང་གིས་གྲྭ་པ་རྣམས་ཀྱིས་སངས་རྒྱས་ཆོས་སྦྱོང་བ་བཞིན་བཙུན་མ་ཚོས་སྦྱང་ཐུབ་དགོས་པའི་བཀའ་སློབ་གནང་གི་ཡོད། དེ་ནི་ཁོང་གིས་ཕོ་མོ་འདྲ་མཉམ་ཡིན་པའི་དགོངས་པ་རེད། ད་དུང་། ཁོང་གིས་གལ་ཆེ་ཤོས་དེ་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་དགོས་པ་དེ་རེད། རྒྱུན་དུ་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པའི་སྐོར་བཀའ་སློབ་གང་མང་གནང་གི་རེད། ལྷག་པར་དུ། ང་རྒྱ་གར་དུ་བཙན་བྱོལ་དུ་ཡོང་ཁ་ཁོང་གིས་ནན་ཏན་སྒོ་ནས་ང་ལ་རྒྱ་གར་དུ་སླེབས་རྗེས་ཆོལ་ཁ་ནང་ཁུལ་དཀྲུགས་པའི་བྱ་བ་གང་ཡང་མ་བྱེད། བྱ་བ་དེ་འདྲ་བསྒྲུབས་ན་བོད་བསྟན་སྲིད་ལ་གནོད་པའི་བྱ་བ་སྒྲུབ་ཀྱི་ཡོད་རེད་ཅེས་གསུངས་སོང་། ཅེས་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་།

དེའི་རྗེས། དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་དོན། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་བླ་མ་ཚད་ལྡན་ཞིག་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་རེད་ཅེས་གསུངས་འདུག དེ་ལས་ལྷག་པའི་འགྲེལ་བཤད་ཞུ་དགོས་རྒྱུ་མི་འདུག <<ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ>> དཔེ་དེབ་འདི་འདྲ་བྲིས་དགོས་པ་གལ་ཆེན་པོ་རེད། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་དང་། དགོན་སྡེ་གཏོར་བཤིག བོད་མི་རིགས་ག་ཚོད་བསད་ཡོད་པ། གཏེར་ཁ་ག་ཚོད་འཁྱེར་ཡོད་པ་དེ་ཚོ་ཐོ་བརྒྱབས་ནས་འཛམ་གླིང་ཐོག་བཤད་ཐུབ་པ་དགོས་རེད།

མཐའ་མར། སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་འདི་བརྒྱུད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་པའི་རྒྱལ་གཅེས་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་གུས་འདུད་དང་། ཁོང་རྣམ་པའི་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པ་དེ་དག་སྙིང་ལ་བཅངས་བའི་ཐོག་དོན་དངོས་སུ་ཆུད་ཟོས་སུ་མ་འགྲོ་བའི་ལས་འགན་ནི་ང་ཚོ་ཚང་མར་ཡོད། ད་ལྟ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཡོད་པའི་བསྐལ་བཟང་གི་དུས་སྐབས་འདིར་བོད་མི་ཡོངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྩ་དོན་སླད་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སོང་།