ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན། བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་གནང་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་སྐུའི་འཁྲུངས་སྒར་སྲུང་བརྩི་ཞུ་བའི་མཛད་སྒོ་ཤིག་ཚོགས་སོང་། སྐབས་དེར་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་བོད་ཀྱི་བླ་ཆེན་ཁག སློབ་ཕྲུག་དང་བོད་མི་བཅས་ནས་དགའ་དད་སྤྲོ་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༣༠ ཐོག སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་སྐུའི་འཁྲུངས་སྒར་སྲུང་བརྩི་ཞུ་བའི་མཛད་སྒོ་དབུ་འཛུགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་རྒྱ་གར་དབུས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་བློན་ཆེན་སྐུ་ཞབས་ར་ཇིབ་རན་ཅན་སིངྒ་ (Rajiv Ranjan Singh) མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག ཆེ་བསྟོད་སྐུ་མགྲོན་ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག ཆེ་བསྟོད་སྐུ་མགྲོན་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག དམིགས་བསལ་སྐུ་མགྲོན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག དམིགས་བསལ་སྐུ་མགྲོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆ་ཌི་གྷེར་མཆོག བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ། རྒྱ་གར་དང་། ཨ་རི། ཡུ་རོབ། ཐེ་ཝན་སོགས་ནས་ཕེབས་པའི་སྐུ་མགྲོན་སོགས་རེད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད། བོད་མི་སེར་སྐྱ་མི་མང་བཅས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཉམ་འཛོམས་གནང་ནས་སྐུའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་དང་རྒྱ་གར་གྱི་རྒྱལ་གླུ་བཏང་རྗེས་༸རྒྱལ་བའི་གོ་སྟོན་གྱི་བརྗོད་དོན་གླུ་དབྱངས་བླངས་གནང་སོང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་གྱི་བཀྲ་ཤིས་དུས་བཟང་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། དུས་སྟོན་མཛད་སྒོར་ཆེད་ཕེབས་གནང་མཁན་ཕྱི་ནང་སྐུ་མགྲོན་རྣམ་པ་དང། འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་དང་།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། བོད་མི་དང་དད་ལྡན་རྗེས་འཇུག་པ་རྣམས་ཀྱི་མངོན་འདོད་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་རྒྱུའི་དབུགས་དབྱུངས་བཀའ་དྲིན་བསྐྱངས་པ་ནི། བོད་དང་བོད་མིའི་ཚེ་སྲོག་གི་རྒྱུན་ཐག་མུ་མཐུད་གནས་ངེས་ཡིན་པའི་གཡར་དམ་དང་གཉིས་སུ་མ་མཆིས་པས། གཞིས་བྱེས་ལྷ་མི་ཡོངས་དང་། བོད་ཀྱི་གྲོགས་པོ་ཡོངས་ཀྱི་ཚབ་ཞུས་ཏེ། ༸མགོན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་བསྟན་བདག་བླ་ཆེན་དང་སྐུ་ཚབ་སྤྱི་མགྲིན་ནས་༸མགོན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་གྲོས་ཆོད་དུ་རྒྱ་གཞུང་གི་སྐུའི་ཡང་སྲིད་ཐད་ཇུས་ངན་གཤོམ་སྒྲོགས་ལ་དགག་པ་དང་། ངོས་ལེན་བྱེད་ཐབས་མེད་པའི་སྤྱི་མོས་གྲོས་ཆོད་བསྣོལ་འཇོག་ལའང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ། བོད་མི་རིགས་ནམ་གནས་ཀྱི་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསང་གསུམ་གྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་གནང་ཡོང་བའི་སྨོན་འདུན་དང་། སྐལ་ལྡན་གདུལ་བྱ་རྣམས་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད། ཅེས་གསུངས་སོང་།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩོལ་དོན། ཆོས་གྲོགས་དང་གྲོགས་པོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། ངོས་རང་དེ་རིང་ལོ་དགུ་བཅུར་སླེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཁྱོད་ཚོ་དགའ་ཚོར་ཤུགས་ཆེན་པོའི་ཐོག་དགའ་བཞིན་སྤྲོ་བཞིན་དུ་འཛོམས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་ལ་ཆ་བཞག་ན་གཅིག་ནས་མི་ལུས་ཤིག་ཐོབ་ཡོད་པ་དང་། མི་ལུས་ཤིག་ཡིན་པའི་ངོས་ནས་མི་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་པ་ནི་ཆོས་ཉིད་རེད། ཡང་སྒོས་ང་ཚོ་ཆོས་དར་སའི་ལུང་པ་ཞིག་ནས་ཡོང་བ་ཡིན་པས་ཆོས་ཕྱོགས་ཀྱི་ཐོག་ནས་སྤུན་ཟླ་མི་རིགས་ཀྱི་བསམ་བློ་ཡང་ཤུགས་ཆེན་པོ་ཡོད་པ་རེད། ཉམས་ལེན་གྱི་གཙོ་བོ་ནི་སྤྱོད་འཇུག་ནས་གསུངས་པ་བཞིན་གཞན་ཕན་གྱི་བློ་དེ་གལ་ཆེ་ཤོས་ཆགས་ཡོད། དེར་བརྟེན། ངོས་ནས་སྤྱོད་འཇུག་གི་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། འགྲོ་བ་སེམས་ཅན་ཐམས་ཅད་རང་གི་གཉེན་དུ་བལྟས་ནས་སྒོ་གསུམ་གྱི་ནུས་པ་ཅི་ཡོད་པ་དེ་གཞན་དོན་ལ་ཕན་པར་ཤོག་ཅེས་ངོས་ནས་བྱེད་བཞིན་ཡོད། ཅེས་དང་།
དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་ལ་ཁྱོད་ཚོ་མང་པོ་ཞིག་དགའ་པོ་བྱས་ཏེ་ཕེབས་པ་རེད། ཅི་ཙམ་གྱིས་མི་མང་འདུ་འཛོམས་དང་དགའ་ཚོར་ཆེན་པོའི་རྣམ་འགྱུར་བསྟན་ཡོང་དུས་ངོས་རང་གི་ཀུན་སློང་ལ་སྐུལ་མ་ཡོང་གི་འདུག ངོས་ཀྱིས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད་པ་རེད། དེའི་འབྲས་བུར་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། རང་གཅེས་འཛིན་གྱི་བསམ་བློ་བཏང་ནས་ང་ལ་དགའ་པོ་བྱེད་མཁན་བྱུང་ན་བསམ་པའི་བསམ་བློ་གཏོང་ཚེ། དེའི་ཐབས་ཤེས་ནི་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བསམ་བློ་རྩེ་གཅིག་ཏུ་བཏང་བ་ཡིན་ན་གཞན་གྱིས་དགའ་པོ་བྱས་ཏེ་རང་བཞིན་གྱིས་འདུས་ཡོང་བ་ཞིག་ཆགས་ཀྱི་འདུག ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོ་བྱས་ཏེ་བསམ་བློ་གཏོང་གི་ཡོད། ནུས་པ་ཧ་ཅང་ཆེན་པོ་རེད་འདུག བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ལ་སྟོང་ཉིད་ཀྱི་ལྟ་བ་རེད། སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་སྦྲེལ་བའི་ཐོག་ནས་ཉིན་ཞག་ཕྲུགས་གཅིག་གི་དུས་ཚོད་བསྐྱལ་དུས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་ཚོགས་ཀྱི་རྨང་གཞི་བཏིང་ནས་འགྲོ་བཞིན་ཡོད། ཅེས་སོགས་བཀའ་བསྩལ་སོང་།
དེའི་རྗེས། བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དེ་རིང་དམིགས་བསལ་གྱི་ཉིན་མོ་ཁྱད་འཕགས་ཅན་འདིར་བོད་མི་རྩམ་ཟན་པ་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
དེ་ནས་བོད་དོན་རྒྱབ་སྐྱོར་བ་རི་ཆ་ཌི་གྷེར་མཆོག་གིས་གསུང་བཤད་གནང་དོན། སྤྱིར་༸གོང་ས་མཆོག་གིས་འཁྲུངས་སྐར་གྱི་ཉིན་དེ་གལ་ཆེན་པོ་དེ་ཙམ་བརྩི་ཡི་མེད་ཀྱང་། ང་ཚོས་མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་གལ་ཆེན་དོན་ཆེན་ཞིག་དང་། ལྷག་པར་འདི་ལོའི་གོ་སྟོན་གྱི་འཁྲུངས་སྐར་དེ་བས་ཀྱང་གལ་ཆེན་པོར་བརྩིས་ཏེ་སྲུང་བརྩི་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གིས་ང་ཚོར་གུ་ཡངས་དང་། བྱམས་པ། སྙིང་རྗེ་ལྡན་པའི་ཐོག་འཚོ་ཐབས་ལམ་སྟོན་གནང་ཡོད་ལ། མགོན་པོ་གང་ཉིད་མཆོག་གི་དགོངས་ཚུལ་ལ་སྐད་ཅིག་རེ་རེ་དང་། དབུགས་ཐེངས་རེ་རེ་འཁྲུངས་སྐར་ཡིན། ཞེས་དང་། ང་རང་ནུབ་ཕྱོགས་ཀྱི་ཡེ་ཤུའི་ཆོས་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་། ཤེས་རབ་ལྡན་པའི་བསླབ་བྱར་ཡིད་སྨོན་བྱེད་ཀྱི་ཡོད། དེ་ཡང་ཉིན་ཤས་སྔོན་བོད་མིའི་ཆོས་ཚོགས་སྐབས་སུ་བསྟན་བདག་བླ་ཆེན་རྣམ་པ་ཕལ་ཆེ་བས་༸གོང་ས་མཆོག་ནི་བོད་ཀྱི་གཅེས་ནོར་ཙམ་མ་ཡིན་པར། འཛམ་གླིང་དང་འཇིག་རྟེན་ཡོངས་ཀྱི་གཅེས་ནོར་ཡིན་ཞེས་གསུངས་པ་དེ་དངོས་ཡོད་ངོ་མཚར་སྐྱེས་བྱུང་། ཞེས་གསུངས་སོང་།
དེའི་རྗེས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མི་མང་རྣམས་ལ་རྒྱབ་སྐྱོར་དང་། ལམ་སྟོན། བྱིན་རླབས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་སྔོན་ཇམྨུ་དང་ཀཤ་མིར་གྱི་མངའ་སྡེར་དཀའ་ངལ་འཕྲད་པའི་སྐབས་སུ་མགོན་པོ་མཆོག་གི་བཀའ་སློབ་བརྒྱུད་ང་ཚོར་སེམས་ཤུགས་དང་། རེ་བ་སྦྱིན་ཡོད། མ་ཟད་མགོན་པོ་གང་ཉིད་མཆོག་གིས་ཕྲུག་གུའི་ཤེས་ཡོན་ཆེད་དུ་བོད་ཕྲུག་ཁྱིམ་སྡེ་དང་ཨེས་ཨོ་ཨེས་སློབ་གྲྭ་བཅས་ལ་མཐུན་འགྱུར་གནང་སྟེ་ལ་དྭགས་གནས་སྡོད་བོད་མི་ཙམ་མ་ཡིན་པར་ལ་དྭགས་ཀྱི་མི་མང་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་ཉེ་སྔོན་༸གོང་ས་མཆོག་གིས་རྒྱལ་དབང་རིམ་བྱོན་རྒྱུན་མཐུད་གནས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བསྩལ་བ་དེར་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ལ། ང་ཚོས་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ཀྱི་ཐུགས་དབང་དེ་མགོན་པོ་གང་ཉིད་ཀྱི་ལས་ཀྱིས་ཐག་ཆོད་རྒྱུ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།
དེ་ནས་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག་གིས་གསུང་བཤད་གནང་དོན། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་འབྲས་ལྗོངས་དབར་ལོ་ངོ་༥༠༠ སྔོན་ནས་འབྲེལ་བ་ཡོད་པ་དང་། འབྲེལ་བ་དེ་ཡུན་དུ་གནས་པའི་སྨོན་ལམ་ཡོད། མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་པའི་ཆོས་དེ་ད་བར་འབྲས་ལྗོངས་སུ་གནས་ཐུབ་ཡོད། ཅེས་སོགས་གསུངས་སོང་།
དེའི་རྗེས། ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་གི་བཀའ་སློབ་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཐུབ་ཡོད་པ་དང་། ཁོང་ཚོའི་མི་ཚེ་འགྱུར་བ་བཏང་ཐུབ་ཡོད། མགོན་པོ་གང་ཉིད་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་སྒྲིལ། འཇིག་རྟེན་ཀུན་ཁྱབ་སེམས་ཁུར་ཐོག་སྐུ་ལས་གཡོ་མེད་གནང་ཡོད། དེ་ཡང་དེང་སྐབས་འཁྲུག་རྩོད་དང་འཐེན་ཁྱེར་གྱི་དུས་སུ་ཁོང་གི་བཀའ་སློབ་ནི་ཤེས་རབ་དང་། བྱམས་སྙིང་རྗེའི་སྒྲོན་མེ་ལྟ་བུ་ཆགས་ཡོད། ཨ་རུ་ཎཱ་ཅལ་དུ་རྟེན་གཞི་བྱས་པའི་རྟ་དབང་དགོན་པ་དེ་ཡང་༸རྒྱལ་དབང་སྐུ་ཕྲེང་ལྔ་པའི་བཀའ་དྲིན་ལམ་སྟོན་འོག་ཕྱག་བཏབས་པ་ཞིག་དང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་རྟ་དབང་དུ་སྐུ་འཁྲུངས་ཡོད། དེས་བོད་དང་ཨ་རུ་ཎཱ་ཅལ་གཉིས་དབར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་ཟབ་མོ་མཚོན་གྱི་ཡོད། ཅེས་དང་།
༸གོང་ས་མཆོག་གིས་༸རྒྱལ་དབང་རིམ་བྱོན་རྒྱུན་མཐུད་གནས་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་དེས་འཛམ་གླིང་གི་མི་མང་དང་། ལྷག་པར་ཧི་མ་ལ་ཡའི་ནང་པའི་སྤྱི་ཚོགས་ལ་བདེ་བ་བསྐྲུན་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་དགེ་རྩའི་ལམ་སྟོན་འོག་༸རྒྱལ་བའི་ཡང་སྲིད་ངོས་འཛིན་དེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཞིན་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་ཡོད། ཅེས་གསུངས་རྗེས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་སོང་།
དེ་ནས། བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལས་ལྷག་པ་ཡིན། ༸གོང་ས་མཆོག་ནི་གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་འཛམ་གླིང་དབར་ཟམ་པ་ལྟ་བུ་ཆགས་ཡོད། ༸གོང་ས་མཆོག་རྒྱ་གར་དུ་བཞུགས་ཡོད་པ་དེ་ནི་རྒྱ་གར་གྱི་གཞུང་མང་གཉིས་ཀའི་གཟི་བརྗིད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་གི་གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཤན་སྦྱར་གྱིས་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ཚུལ་གྱི་དགོངས་པ་དང་། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་སླར་གསོ་ཆེད་བཀའ་སློབ་ཡང་ཡང་སྩལ་བཞིན་ཡོད། ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་གང་ཉིད་མཆོག་གིས་ཐུགས་ཐག་གང་བཅད་ཡོད་པ་དེར་བརྩི་བཀུར་ཞུ་ཡི་ཡོད་ལ། ༸ཁོང་གི་སྒྲིག་འཛུགས་ཀྱིས་བཀོད་ཁྱབ་དང་ལམ་སྟོན་གང་གནང་བ་ལྟར་རྗེས་སུ་འཇུག་རྒྱུ་ཡིན། ཞེས་གསུངས་སོང་།
མཐའ་མར། རྒྱ་གར་བློན་ཆེན་སྐུ་ཞབས་ར་ཇིབ་རན་ཅན་སིངྒ་ (Rajiv Ranjan Singh) མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་གི་བཀའ་སློབ་ནི་བཅོམ་ལྡན་འདས་ཀྱི་བཀའ་དང་། ནཱ་ལེནྡྲའི་རིག་གཞུང་ལ་གཞི་བཅོལ་ཡོད་པ་དང་། ཡོང་འགྱུར་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་དེ་ཡང་ནཱ་ལནྡྲ་རིག་གཞུང་ལས་མི་དཔེ་བལྟས་ཏེ་བཙུགས་ཡོད་ཅེས་སོགས་གསུངས་སོང་།
ཨ་རིའི་ཕྱི་སྲིད་དྲུང་ཆེའི་སྐུའི་འཁྲུངས་སྐར་ཐོག་གནང་བའི་གསུང་འཕྲིན་སྒྲོག་སྦྱོང་གནང་སོང་། དེ་ནས་ཨ་རིའི་སྲིད་འཛིན་ཟུར་པ་ཇོ་ཆི་བྷུ་ཞི་དང་། ཨོ་བྷ་མ། ཁི་ལི་ཊོན་བཅས་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་གནང་བའི་འཁྲུངས་སྐར་འཚམས་འཕྲིན་བརྙན་ཐུང་བསྟན་གནང་སོང་། དེ་ནས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གིས་སྐུའི་འཁྲུངས་འཚམས་འཕྲིན་སྒྲོག་སྦྱོང་གནང་སོང་།
དེ་ནས་༸གོང་ས་མཆོག་གིས་༸སྐུའི་འཁྲུངས་སྐར་གྱི་མངར་ཟས་སྤྲིན་གོར་གཅོད་སྐབས་དེ་ཡོད་ཚང་མས་སྐུའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཀྱི་གཞས་བཏང་གནང་སོང་། དེ་ནས་ཧིན་དྷི་དང་ཨིན་སྐད་ཀྱི་༸རྒྱལ་བའི་གོ་སྟོན་བརྗོད་གཞིའི་གླུ་དབྱངས་བླངས་པ་གནང་རྗེས། རྒྱ་རིགས་སྒྱུ་རྩལ་བ་གྲགས་ཁྲིན་ཝི་མིང་ལགས་ནས་རྒྱ་རིགས་དད་ལྡན་རྗེས་འཇུག་པ་རྣམས་ཀྱི་སྐུ་ཚབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཁྲུངས་སྐར་བསུ་བའི་མཆོད་རྟེན་གྱི་དབྱིབས་སུ་བོད་རྒྱ་ཨིན་གསུམ་ནང་སྨོན་ཚིག་འཁོད་པའི་སྒྱུ་རྩལ་གྱི་བཟོ་བཀོད་ཕྱག་རྟགས་སུ་ཕུལ་སོང་།
དེ་ནས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཛད་རྣམ་ཨིན་ཡིག་ཕྱག་དེབ་དབུ་འབྱེད་གནང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པ་དང་། ཞབས་ལོ་ ༢༥ འཁོར་མཁན་རྣམ་པར་གཟེངས་རྟགས་དང་སྐུ་མགྲོན་རྣམས་ལ་གོ་སྟོན་དྲན་རྟེན་གྱི་ཕྱག་རྟགས་ཕུལ་གནང་སོང་། ༸རྒྱལ་བའི་གོ་སྟོན་མཛད་སྒོར་གདན་ཞུས་པའི་རྒྱལ་ཁབ་༢༠་ནས་ཕེབས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་རིམ་བཞིན་གཟིགས་འབུལ་ཞུས་སོང་།
མཐའ་མར། བོད་མིའི་སྒྲིག་འཛུགས་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་གཞུང་འབྲེལ་མཛད་སྒོ་མཇུག་སྒྲིལ་གནང་སོང་།