03
Wed, Dec
5 རྩོམ་གསར།

བོད་ལྗོངས་མདོ་སྨད་ཆོལ་ཁ་ངོས་ནས་སྐུའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

ཕྱི་ལོ་༢༠༢༥ ཟླ་༦ ཚེས་༣༠ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་བོད་ལྗོངས་མདོ་སྨད་ཆོལ་ཁ་ངོས་ནས་སྲུང་བརྩི་ཞུ་སྐབས། པར། རྒྱལ་སྤྱིའི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༦ ཚེས་༣༠ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་བོད་ལྗོངས་མདོ་སྨད་ཆོལ་ཁ་ངོས་ནས་སྲུང་བརྩི་གཟབ་རྒྱས་ཞུས་སོང་། སྐབས་དེར། བོད་པའི་བླ་ཆེན་རྣམ་པ་དང༌། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ་། ཐེ་ལེཎྜ། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ། ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་ཆོལ་ཁ་གསུམ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་འགའ་མཉམ་ཞུགས་གནང་ནས་སྐུའི་གོ་སྟོན་དགའ་དད་སྤྲོ་གསུམ་ཐོག་ནས་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཐོག བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གིས་བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་སོང་། ༸སྐུའི་གོ་སྟོན་མཛད་སྒོའི་སྐུ་མགྲོན་རྣམས་ནི་དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སོགས་མཁན་བླ་སྤྲུལ་རྣམ་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ་། ཐེ་ལེཎྜ། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ། ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་བཅས་རེད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་སྐབས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུངས་རིགས་ལགས། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཡེ་ཤེས་སྒྲོལ་མ་ལགས། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ལྷ་མོ་དོན་གྲུབ་ལགས་བཅས་ཀྱིས་ཕོ་བྲང་རྒྱལ་སྒོ་རུ་སྤོས་སྣེས་མདུན་བསུ་དང་བོད་མི་རྣམས་ཀྱིས་སྐུ་མདུན་དགའ་དད་སྤྲོ་གསུམ་ཕེབས་བསུ་བྱས་སོང་།

དེ་ནས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་གསོལ་འདེབས་སྙན་ཞུ་༸སྙན་སྒྲོན་ཞུས་རྗེས། དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གཙོས་པའི་ཆོས་རྒྱུད་ཁག་གི་བླ་ཆེན་དང་སྐུ་ཚབ་རྣམས་ཀྱིས་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་ཞུས་པའི་གསེར་གྱི་གཟེངས་རྟགས་དེ་༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་སོང་།

དེ་རྗེས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་བརྟན་བཞུགས་ཀྱི་གསོལ་འདེབས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ལོ་དགུ་བཅུའི་ནང་ལ་སླེབས་ཡོད་པ་དང་། གཟུགས་པོ་བདེ་ཐག་ཆོད་ཡོད། ལོ་ཡུན་འདིའི་རིང་ལ་བོད་ཀྱི་བསྟན་སྲིད། སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ནས་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་ལུང་པ་གཞན་དང་གཞན་ལའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་དང་། ལྷག་པར་དུ་ཚན་རིག་པ་ཚོའི་མཉམ་དུ་སྐད་ཆ་བཤད་ནས་ཡིད་ཚིམས་པའི་གོ་བསྡུར་དང་། བགྲོ་གླེང་བྱས་པ་སོགས་ཕན་ཐོགས་ཧ་ཅང་ཡག་པོ་བྱུང་། ད་ལྟའི་བར་དུ་མིས་མི་གོས་ཆོད་པ་ཞིག་གི་མི་ཚེ་བསྐྱལ་བ་རེད། བོད་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ཡུལ་གྲུ་མང་པོར་ངོས་རང་སླེབས་པ་རེད་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག དེར་བསམ་བློ་གཏོང་དུས་ངོས་རང་ལ་མི་ལུས་ཐོབ་པ་འདིས་ལྷག་བསམ་བསྐྱེད་པ་བཞིན་འཛམ་གླིང་འདིར་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཞིག་ཡོང་གི་འདུག

ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེའི་ཐོག་ནས་༸ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་ནས་སྡོད་པའི་སྒྲོམ་གཞི་ཞིག་སླེབས་ཡོང་གི་རེད། མདོར་ན། མདོ་སྨད་ཙོང་ཁའི་ཡུལ་ནས་ཡར་ཡོང་ནས་ལྷ་སར་སློབ་གཉེར་བརྒྱབས། གྲྭ་སྐོར་སྔ་རྗེས་འཇོག་དགོས་པ་རྣམས་བཞག་ནས་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡིན་ནའང་མི་ཚེ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་པར་སེམས་ཐག་བཅད་ནས་བསྡད་ཡོད། ཅེས་གསུངས་སོང་།

དེ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་ཐམ་པ་ཕེབས་པའི་རྟེན་འབྲེལ་མཚོན་བྱེད་ཀྱི་བོད་རང་གི་ཐུན་མིན་ཞལ་ཟས་ཐུད་ཀྱིས་བཟོས་པའི་སྤྲི་སྒོར་བཏབས་ནས་ཕུལ་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་གོ་སྟོན་ལ་ཆེད་དུ་བཞེངས་པའི་མགོན་པོ་མཆོག་གི་མཛད་རྣམ་རས་བྲིས་ཐང་ག་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་ཞལ་ཐང་ཞལ་དབྱེའི་བཀའ་དྲིན་བསྐྱངས་པ་དང་། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མཛད་རྣམ་ནོར་བུའི་ཕྲེང་བ་དབུ་འབྱེད། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་དབུ་འབྱེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་རྣམ་སྨྲ་བསམ་གྱི་ཡུལ་ལས་འདས་པ་ཞེས་པ་དང་། ༸སྐུའི་གོ་སྟོན་གྱི་ཤིས་ཚིག་དང་རྩོམ་ཡིག་ཕྱོགས་བསྒྲིགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཕྱག་དེབ་ཞལ་འབྱེད་གནང་སོང་།

དེ་ནས་༸སྐུའི་གོ་སྟོན་གྱི་མཆོད་པ་སྐུ་ཉི་མ་ཤར་ས་བོད་ཡུལ་རེད་ཅེས་པའི་གླུ་དང་། ༸སྐུའི་གོ་སྟོན་གྱི་བཤད་པ་འཆི་མེད་ལྷ་ཡི་རྔ་སྒྲ། འོད་ཀྱི་བཤུལ་ལམ་ཞེས་པའི་གླུ་དབྱངས། དབུས་གཙང་ཆོལ་ཁས་༸སྐུའི་གོ་སྟོན་གྱི་ནང་མ་འཁྲབ་གཞས། མདོ་སྟོད་ཆོལ་ཁས་༸སྐུའི་གོ་སྟོན་གྱི་འཁྲབ་གཞས་བྲོ་ཡི་མཆོད་པ། མདོ་སྨད་ཆོལ་ཁས་༸སྐུའི་གོ་སྟོན་འཁྲབ་གཞས་ཨ་རྩེད་སེང་ལྡེང་ཌ་རུ། དགའ་སྐྱིད་འཛོམས་པའི་ཉི་མ་དེ་རིང་རེད་ཅེས་པའི་རྡུང་ལེན་མཉམ་གཞས་སོགས་༸སྐུའི་གོ་སྟོན་ཆེན་མོར་གླུ་གར་གྱི་མཆོད་པ་ཕུལ་སོང་།

མཐའ་མར། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ནས་གོ་སྟོན་དང་འབྲེལ་བའི་རྩིས་ཁྲ་མདོར་བསྡུས་སྙན་སྒྲོན་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་རྗེས། མང་ཚོགས་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ནས༸སྐུའི་གོ་སྟོན་མཛད་སྒོ་ལེགས་པར་གྲུབ་སོང་།