07
Wed, Jan
11 རྩོམ་གསར།

བོད་ཀྱི་ཚོགས་པ་ལྔ་ཡིས་ཁམས་རྫ་ཆུ་ཁར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང་བོད་མི་འཛིན་བཟུང་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

ཕྱི་ལོ་༢༠༢༥ ཟླ་༡༢་ཚེས་༡༩ ཉིན། བཞུགས་སྒར་དྷ་སར་བོད་པའི་ཚོགས་པ་ལྔ་ཡིས་ཁམས་རྫ་ཆུ་ཁར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང་བོད་མི་འཛིན་བཟུང་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༡༢་ཚེས་༡༩ ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་བོད་ཁམས་རྫ་ཆུ་ཁར་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས་ཁོར་ཡུག་གཏོར་བཤིག་བཏང་བ་མ་ཟད། བོད་མི་༨༠་ལྷག་བཙན་ཁྲིད་བྱས་ནས་བཀག་ཉར་དང་རྡུང་རྡེག་བཏང་ནས་རྩིབ་མ་བཅག་པ་སོགས་ཀྱིས་ཛ་དྲག་གི་གནས་སྟངས་གྱུར་ཡོད་པར། བཞུགས་སྒར་དྷ་སའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དང་། མཚན་རྟགས་བསྡུ་རུབ། མར་མེ་ཁྲོམ་སྐོར་གནང་ནས་བོད་ནང་དྲག་གནོན་འོག་གནས་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། འཛིན་བཟུང་བྱས་ཡོད་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་ལས་འགུལ་བ་བོད་མི་༢༠་ལྷག་གིས་བཞུགས་སྒར་དྷ་ས་མོག་གྷན་སྤྱི་ཐང་དུ། འདི་ལོའི་ཟླ་༡༡་ཚེས་༥་ཉིན་རྒྱ་ནག་གི་ཚོང་གཉེར་བ་ཞིག་གིས་བོད་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་བའི་གསེར་ཁོག་ཞེས་པའི་ས་གནས་སུ་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་པར་ས་གནས་བོད་མི་ཚོས་ཤེས་རྟོགས་བྱུང་ནས་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་དང་ས་གནས་སྲིད་གཞུང་ལ་ཡར་ཞུ་བྱེད་སྐབས། ས་གནས་སྲིད་གཞུང་གིས་བོད་མི་དེ་དག་གི་རྒྱབ་ལ་ལངས་པའི་ཚབ་ཏུ་རྒྱ་མི་གཏེར་ཁ་སྔོག་མཁན་ལ་རྒྱབ་སྐྱོར་བྱས་ནས་བོད་མི་༨༠་འཛིན་བཟུང་བཙན་ཁྲིད་དང་ཁྱིམ་ཚང་རེར་སྔོག་བཤེར་བྱས་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་ཀྱི་གདུང་སེམས་བསྐྱེད་དང་། མཚན་རྟགས་བསྡུ་རུབ། རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་སོང་།

བོད་པའི་ལས་འགུལ་ཚོས་འཁྲམ་སྟོན་ལམ་ནས་རྒྱ་མི་ཡིས་བོད་ཁམས་རྫ་ཆུ་ཁར་གཏེར་ཁ་བསྔོགས་ནས་གསེར་འཁྱེར་འགྲོ་བ་དང་ས་གནས་མི་མང་གིས་ངོ་རྒོལ་བྱས་ཡོད་པའི་རྣམ་པ་བསྟན་གནང་སོང་། དེ་ནས་ཁོ་ཚོས་བོད་ནང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས། བོད་རྣམས་གློད་གྲོལ་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཤིག་བཅས་ཀྱི་སྐད་འབོད་གནང་ནས་ངོ་རྒོལ་གནང་སོང་།

དེ་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཀློག་གནང་སོང་། བསྒྲགས་གཏམ་དེའི་ནང་འཁོད་དོན། ཉེ་ཆར་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༥ ཉིན་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་པར་རྒྱ་དམར་སྲིད་གཞུང་གིས་ཡུལ་མི་ཚོས་ཆོག་མཆན་དང་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་རང་ཚོད་ཀྱིས་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ལག་བསྟར་བྱས་ཡོད་པ་དང༌། ཀ་བཞིའི་ཡུལ་མི་ཚོས་བཀག་འགོག་དང་ཡར་ཞུ་བྱས་ཀྱང་དེ་ལས་ལྡོག་སྟེ་ས་གནས་གོང་རིམ་གྱི་འགོ་ཁྲིད་དག་གིས་“ཁྱེད་རང་ཚོ་ཐེ་ཇུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད་རེད།” ཅེས་ཡུལ་མི་ཚོར་གསེར་གྱི་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་པ་ནོར་འཁྲུལ་ཡིན་རབས་ཀྱིས་བཙན་པོ་དབང་ཡོད་དང༌། གཉའ་གནོན་ཧམ་བཤད་ཚད་མེད་བྱས་པ་མ་ཟད། ཕྱི་ཚེས་ ༦ ཉིན་ནས་ཡུལ་མི་གྲངས་༨༠ གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པ་དང༌། མི་གྲངས་ ༧ གར་སོང་ཆ་མེད་དུ་བཏང་ཡོད་པས་ཧ་ཅང་ཛ་དྲག་གི་གནས་སུ་ལྷུངས་ཡོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བརྗོད་ན། རང་ས་རང་སྲུང་གི་ཐོབ་ཐང་དང༌། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང༌། ས་གནས་ཡུལ་མིས་ཞི་རྒོལ་ཡར་ཞུ་བྱེད་པའི་ཐོབ་ཐང་ཚུན་ཆད་མེད་པར་དེ་ལས་ལྡོག་སྟེ་ཡུལ་མི་ཚོར་བཙན་པོ་དབང་ཡོད་དང་འཇིགས་སྐུལ། གང་བྱུང་འཛིན་བཟུང་བཙོན་འཇུག་དང༌། སྡུག་སྦྱོང་མནར་གཅོད་གཏོང་བ་སོགས་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་རྩིས་མེད་རྡོག་རོལ་དང༌། དེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཅས་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཀྱང་ཡིན།

སྤྱིར་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་ ༡༩༨༠ གྱ་གྲངས་ཙམ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་ཡུལ་ལུང་གང་ས་ནས་གསེར་དང་དངུལ། ཟངས། ཞ་ཉེའི་རིགས་སོགས་རྩ་ཆེའི་རིན་ཆེན་གཏེར་ཁ་སྣ་ཚོགས་སྔོག་འདོན་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཀྱང་རྒྱ་དམར་སྲིད་གཞུང་གིས་གནས་ཚུལ་སྦ་གསང་དང་བཀག་ འགོག་དམ་དྲག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་གནས་ཚུལ་ཞིབ་ཕྲ་རྒྱལ་སྤྱིའི་ཐོག་ཤེས་རྟོགས་དེ་ཙམ་བྱུང་མེད། གོང་འཁོད་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་ཁུལ་ནས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་པ་ནི་ཉེ་ཆར་གསར་དུ་སྔོག་འདོན་བྱས་པའི་ཛ་དྲག་གི་གནས་ཚུལ་གསར་འགྱུར་རྒྱུད་ལམ་ཁག་ནས་རྒྱལ་སྤྱིས་ཤེས་རྟོགས་ཆེ་བ་བྱུང་ཡོད། ད་དུང་ཡང་བཙན་བྱོལ་བོད་མིའི་སྤྱི་ ཚོགས་དང་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་མེད་པའི་ཁྲོད་བོད་ཀྱི་ས་ཁུལ་གང་ས་ནས་རྩ་ཆེའི་གཏེར་ཁའི་རིགས་འདྲ་མིན་སྔོག་འདོན་བྱས་དང་བྱེད་མུས་ཡོད་ངེས། མདོར་ན་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པ་དེ་རེད།

དེས་ན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱ་དམར་སྲིད་གཞུང་གི་སྡུག་ རྩུབ་ཅན་གྱི་སྲིད་བྱུས་དང་འགོ་ཁྲིད་ཚོར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། གཤམ་གསལ་དགོས་འདུན་དོན་ཚན་ལྔ་ཅན་འདི་བཞིན་ནན་བརྗོད་བྱེད་རྒྱུ་ཡིན། །

༡༽ བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ལས་གཏོར་བཤིག་གཏོང་མཚམས་འཇོག་དགོས།

༢༽ ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དགོས།

༣༽ གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་རྣམས་ཁྱིམ་ཚང་སོ་སོར་བདེ་འཇག་ངང་ངེས་པར་རྩིས་སྤྲོད་དགོས།

༤༽ བོད་ཀྱི་ཡུལ་མི་ཚོས་འདོད་མོས་མེད་པའི་འཛུགས་སྐྲུན་ལས་གཞི་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས།

༥༽ བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་རྒྱལ་སྤྱིས་ངེས་པར་དོ་སྣང་སྲུང་སྐྱོབ་དགོས་རྒྱུ། ཞེས་བཀོད་འདུག

དེ་ནས་ཁོང་རྣམ་པས་ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་ལ་བོད་ཁམས་རྫ་ཆུ་ཁར་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འགོ་བརྩམས་སོང་། ཉིན་དེའི་དགོང་མོར་མར་མེ་ཁྲོམ་སྐོར་གནང་ནས་བོད་ནང་སྡུག་སྦྱོར་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་གནང་སོང་།

བོད་ཁམས་རྫ་ཆུ་ཁར་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་རྒྱ་དམར་གཞུང་ལ་ལས་འགུལ་གྱི་ལས་འགུལ་དེ་ནི་དྷ་ས་གཅིག་པོ་མིན་པ་འཛམ་གླིང་གང་སར་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག