ཕྱི་ལོ༢༠༢༥ ཟླ་ ༤ ཚེས་ ༣༠ ཉིན། བོད་ཀྱི་འགྲེམས་སྟོན་ཁང་དབུ་འཛུགས་གནང་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས། བོད་ཀྱི་བུད་མེད་ཞེས་པའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། དེའི་ནང་དུ་ཕྱི་ལོ་༡༩༥༠་ནས་བོད་ཀྱི་རང་དབང་དང་འཐབ་རྩོད། ཆོས་དང་རིག་གཞུང་། ཤེས་ཡོན་དང་སྤྱི་ཚོགས་སོགས་ལ་ཞབས་འདེགས་ཤུགས་ཆེན་གནང་མཁན། བོད་རང་དབང་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་གཙོས་པའི་བུད་མེད་༤༩་གསལ་སྟོན་གནང་ནས་ཁོང་མོ་ཚོའི་ལོ་རྒྱུས་ཐོག་འགྲེམས་སྟོན་གནང་སོང་།
དེ་ཡང། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ། འགྲེམས་སྟོན་དབུ་འབྱེད་མཛད་སྒོ་ལ་སྐུ་མགྲོན་གཙོ་བོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དྲིལ་བསྒྲགས་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མང་ཚོགས་བཅས་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་འདུག
བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་སོང་། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་བོད་ཀྱི་བུད་མེད་ཅེས་པའི་འགྲེམས་སྟོན་ཐོག་འགྲེལ་བརྗོད་གནང་ནས་འགྲེམས་སྟོན་གཟིགས་འབུལ་ཞུས་སོང་།
བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་ནང་དུ། ཕྱི་ལོ་༡༩༥༠་ནས་བོད་ཀྱི་རང་དབང་དང་འཐབ་རྩོད། ཆོས་དང་རིག་གཞུང་། ཤེས་ཡོན་དང་སྤྱི་ཚོགས་སོགས་ལ་ཞབས་འདེགས་ཤུགས་ཆེན་གནང་མཁན། བོད་རང་དབང་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་གཙོས་པའི་བུད་མེད་འཐབ་རྩོད་པ་༤༩་གསལ་སྟོན་གནང་ནས་ཁོང་མོ་ཚོའི་ལོ་རྒྱུས་ཐོག་འགྲེམས་སྟོན་གནང་སོང་། དམིགས་བསལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡུམ་བདེ་སྐྱིད་ཚེ་རིང་མཆོག་ནི་བྱམས་བརྩེ་ལྡན་པའི་བོད་ཀྱི་སྐྱེས་མ་ཞེས་བྲིས་འདུག
དེ་དག་ཁྲོད་ནས་ཕྱི་ལོ་༡༩༥༩་ཟླ་༣་ཚེས་༡༢ ཉིན་བོད་ཀྱི་བུད་མེད་སྒེར་ལངས་འགོ་ཁྲིད་གནང་མཁན་ཀུན་བདེ་གླིང་གུར་སྟེང་ཀུན་བཟང་ལགས་དང་། ཕྱི་ལོ་༡༩༦༩་ཟླ་༦་ཚེས་༡༣ ཉིན་སྙེ་མོ་རྫོང་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བཙུན་མ་འཕྲིན་ལས་ཆོས་སྒྲོན་ལགས། ཕྱི་ལོ་༡༩༥༧་ལོར་རྒྱ་དམར་དམག་མི་ཁམས་གོ་འཇོར་སླེབས་སྐབས་བཙན་རྒོལ་གནང་མཁན་དང་ཕྱི་ལོ་༡༩༨༧་ལོར་རྒྱལ་ས་ལྷ་སར་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་ནང་ཞུགས་མཁན་ཨ་ནེ་དཔལ་ཆེན་སྒྲོལ་མ་ལགས། ཕྱི་ལོ་༡༩༥༦ ལོར་རྒྱ་དམར་དམག་མི་ཁམས་ཉག་རོང་ལ་སླེབས་སྐབས་ངོ་རྒོལ་གནང་མཁན་རྒྱ་རི་རྡོ་རྗེ་གཡུ་སྒྲོལ་ལགས་དང་ཨ་མ་ཨ་བདེ་ལགས། བོད་ཕྲུག་ཁྱིམ་སྡེ་གསར་འཛུགས་གནང་མཁན་ཨ་མ་ཚེ་རིང་སྒྲོལ་མ་ལགས། མ་སུ་རི་བོད་ཁྱིམ་སྤྱི་ཁྱབ་འགན་གནང་མཁན་ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས། ཕྱི་ལོ་༡༩༦༨ བོད་གཞུང་ལས་བྱེད་སློབ་གྲྭ་གསར་འཛུགས་ཐོག་འགན་བཞེས་མཁན་ཚ་རོང་ཚེ་རིང་སྒྲོལ་མ་ལགས། ནོར་ཝེ་བོད་དོན་ལྷན་ཚོགས་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གསར་འཛུགས་གནང་མཁན་ཆུང་བདག་ཀོ་རན་ལགས། རྣལ་འབྱོར་མ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་ལགས། སྨན་པ་བློ་བཟང་སྒྲོལ་མ་ལགས། རྣལ་འབྱོར་མ་ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་རིག་འཛིན་ཆོས་དབྱངས་བཟང་མོ་མཆོག གཡུང་དྲུང་བོན་ལུགས་འཛིན་མཁན་རྗེ་བཙུན་མཁའ་སྤྱོད་དབང་མོ་ལགས། བོད་ཀྱི་ལྷ་མོ་འཁྲབ་མཁན་ཨ་མ་ཟླ་ཆུང་ལགས།
དེ་བཞིན། ཕྱི་ལོ་ ༡༩༦༠ ཟླ་ ༡ ནང་རྒྱ་གར་ཀ་སྦུག་ཁུལ་དུ་ཀ་རྡོར་བོད་ཀྱི་བུད་མེད་མཐུན་གྲོགས་ཚོགས་པ་གསར་འཛུགས་གནང་མཁན་གཞིས་རྩེ་ནོ་ཡོན་བདེ་དབང་ལགས་དང་། གདན་གཉེར་ཚང་བཀྲ་ཤིས་དབྱངས་འཛོམས་ལགས། སྲས་སྟོད་ལྷོ་མའི་སྒྲོལ་མ་ལགས། སྒ་བ་(དགའ་བ་)གཡུ་སྒྲོན་ལགས། ཕག་རི་བླ་སྤྱིའི་ཆོས་འཛོམས་ལགས། ཅ་ར་སྲིད་པའི་བདེ་སྐྱིད་ལགས། ཕྱི་ལོ་ ༡༩༦༠ ཟླ་ ༢ ནང་དགྲ་བོ་རྒྱ་དམར་གྱི་སྲིད་བློན་ཀྲའུ་ཨེ་ལན་རྒྱ་གར་ལ་ཡོང་སྐབས་རང་སྲོག་བློས་བཏང་གིས་མེ་འཁོར་ལྕགས་ལམ་སྟེང་ཉལ་ནས་མེ་འཁོར་དུས་ཐོག་ཏུ་འགྲོ་མ་ཐུབ་པར་སྐར་མ་ ༤༥ བཀག་གནང་མཁན་གཞིས་རྩེ་ནོ་ཡོན་བདེ་དབང་ལགས་དང་། འབྲི་གུང་གནས་མོའི་བུ་མོ་ཟླ་སྒྲོན་ལགས། ཁང་དམར་ཨེ་ཞུ་བའི་བུ་མོ་བདེ་ཆེན་མཚོ་མོ་ལགས་བཅས་གསལ་སྟོན་གནང་འདུག
ད་དུང་། ཕྱི་ལོ་༢༠༠༠་ནས་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་དང་༸གོང་ས་མཆོག་བོད་ལ་ཕེབས་དགོས་པ་དང་བོད་རང་དབང་དགོས་པའི་འབོད་སྒྲ་སྒྲོག་ནས་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་མོ་༢༤ ་གསལ་སྟོན་གནང་འདུག དེ་དག་ནི་རི་ཀྱོ་ལགས་དང་། བསྟན་འཛིན་སྒྲོལ་མ་ལགས། རྟ་འཕྲིན་(མགྲིན)་མཚོ་ལགས། བསྟན་འཛིན་དབང་མོ་ལགས། སངས་རྒྱས་མཚོ་ལགས། ཡེ་ཤེས་མཁའ་འགྲོ་ལགས། བསྟན་འཛིན་ཆོས་སྒྲོན་ལགས། དཀོན་མཆོག་དབང་མོ་ལགས། ཀརྨ་སྐྱིད་ལགས། ཚེ་པེ་ལགས། ལྕགས་མོ་སྐྱིད་ལགས། བན་ཆེན་སྐྱིད་ལགས། སྒྲོལ་དཀར་མཚོ་ལགས། ཚེ་རིང་སྐྱིད་ལགས། དབང་ཆེན་སྒྲོལ་མ་ལགས། ཕྱུག་མཚོ་ལགས། རིན་ཆེན་ལགས། དཔལ་ལྡན་ཆོས་མཚོ་ལགས། ནོར་ཕྱུག་ལགས། བསོད་ནམས་མཚོ་ལགས། ཨ་ཚེ་ལགས། ཤུར་མོ་ལགས། བཀྲ་ཤིས་སྐྱིད་ལགས་བཅས་རེད་འདུག
དེ་ནས་བོད་ཀྱི་བུད་མེད་ཅེས་པའི་འགྲེམས་སྟོན་དང་འབྲེལ་བའི་གསུང་བཤད་ཞིག་གོ་སྒྲིག་གནང་འདུག ཐོག་མར། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་བཅས་ནས་བོད་ཀྱི་ས་ཁྲ་ཞེས་པ་དབུ་འབྱེད་གནང་སོང་།
དེ་ནས་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འགྲེམ་སྟོན་དེའི་གལ་ཆེན་རང་བཞིན་སྐོར་དང་། བོད་ཀྱི་བུད་མེད་རྣམས་ཀྱིས་བོད་ཀྱི་གནས་སྟངས་ཆེས་སྡུག་པའི་སྐབས་སུ་ནུས་ཤུགས་གང་ཡོད་བཏོན་ནས་བོད་ཀྱི་རང་དབང་འཐབ་རྩོད་དང་། ཆོས་དང་རིག་གཞུང་། ཤེས་ཡོན་དང་སྤྱི་ཚོགས་སོགས་ལ་ཞབས་འདེགས་རྒྱ་ཆེན་གནང་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་རྣམ་པའི་རེ་བ་དང་དམིགས་ཡུལ་ང་ཚོས་མུ་མཐུད་ནས་སྐྱོང་དགོས་པའི་སྐོར་གཏམ་བཤད་གནང་སོང་།
དེའི་རྗེས། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སྤྱི་ཚོགས་གཞན་དང་མི་འདྲ་བ་བོད་ཀྱི་བུད་མེད་གྲངས་ལས་འདས་པས་བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན། སྤྱི་ཚོགས་སོགས་འཕེལ་རྒྱས་ཐོག་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་སྟབས། བོད་ཀྱི་བུད་མེད་རྣམ་པའི་མཛད་རྗེས་ལ་ཡི་རངས་ཞུས་བའི་འགྲེམས་སྟོན་འདིར་བསྔགས་བརྗོད་གནང་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། རྩ་དོན་སོགས་ཀྱི་ཐོག་བུད་མེད་མང་པོས་བློས་གཏོང་ཆེན་པོ་གནང་བ་དེ་དག་མཇལ་དུས་རང་ཉིད་བུད་མེད་ཞིག་ཡིན་པ་སྤོབས་པ་སྐྱེས་པ་དང་། ཁོང་རྣམ་པས་ཞབས་རྗེས་ཐོག་མི་རབས་གསར་པ་ཚོས་བློ་སྟོབས་ཆེན་པོའི་ངང་མདུན་བསྐྱོད་ཀྱིས་མུ་མཐུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག རྩ་དོན་འཐབ་རྩོད་བཅས་ཀྱི་ཐོག་ཕོ་མོ་འདྲ་མཉམ་གྱིས་ནུས་པ་མཉམ་སྤུངས་ཐོག་ཤུགས་གནོན་སྐྱོན་དགོས་པ་སོགས་གསུངས་སོང་།
བོད་ཀྱི་བུད་མེད་ཅེས་པའི་འགྲེམས་སྟོན་ཚར་རྗེས། བོད་ཀྱི་འགྲེམས་སྟོན་ཁང་དབུ་འཛུགས་གནང་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་སྲུང་བརྩི་ཞུ་ཆེད་སྐུ་མགྲོན་མཆོག་གིས་སྤྲི་གོར་གཏུབས་གནང་སོང་། བོད་ཀྱི་འགྲེམས་སྟོན་ཁང་ནི་ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་བཞུགས་སྒར་གཙུག་ལག་ཉེ་འགྲམ་ཐོག་མ་གསར་འཛུགས་གནང་ཞིང་། དམིགས་ཡུལ་ནི། བོད་མི་དང་ཕྱི་རྒྱལ་བ་ཚོར་ཉེ་ལམ་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་སྟངས་བོད་མི་བཅུ་གཉིས་ཀྱིས་རང་གི་ཉམས་མྱོང་དང་སྦྲགས་ནས་འགྲེམས་སྟོན་ངོ་སྤྲོད་ལས་རིམ་སྤེལ་ཡོད་འདུག
བོད་ཀྱི་འགྲེམས་སྟོན་ཁང་གི་གཞན་ནི་དམིགས་ཡུལ་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་དེ་དག་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་དང་། བོད་མིའི་རང་དབང་སྒེར་ལངས་དེ་བཞིན་མང་གཙོའི་འཐབ་རྩོད་ཀྱི་ལམ་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་དམར་ལ་ཞི་རྒོལ་གྱེན་ལངས་བྱས་ཚུལ་ནན་བཤད་བྱེད་རྒྱུ་དེ་ཡིན། བོད་ཀྱི་འགྲེམས་སྟོན་ཁང་དེ་བཞིན་སྤྱི་ནོར་ྋགོང་ས་སྐྱབས་མགོན་མཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༠ཟླ་༤ པའི་ཚེས་ ༣༠་ལ་དངོས་སུ་དབུ་འབྱེད་བསྐྱང་གནང་མཛད་ཡོད་འདུག
ཕྱི་ལོ་༢༠༡༧ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་ས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཁང་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་འཛུགས་བྱ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་དང་། དེ་རྗེས་ལོ་མང་རིང་ཉམས་ཞིབ་གནང་ནས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་ཕྱི་ལོ་༢༠༢༡ ཟླ་༡༢ ནང་མཇུག་སྐྱེལ་ཐུབ་པ་བྱུང་རྗེས་ཕྱི་ལོ་ ༢༠༢༢ ཟླ་བ་ ༢ པའི་ཚེས་ ༩ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དངོས་སུ་དབུ་འབྱེད་གནང་ཡོད་འདུག
དུས་ཐུང་འགྲེམས་སྟོན་འདི་བཞིན་ཟླ་འདིའི་ཚེས་༣༠་ནས་ཟླ་བ་གཉིས་ལྷག་ཙམ་རིང་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲིག་གཤོམ་གནང་གི་འདུག