ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༡ ཉིན། བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་༥༥ འཁོར་བའི་དུས་དྲན་བསུ་བརྩི་ཞུས་སོང་། བོད་ཀྱི་དཔེ་མཛོད་ཁང་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་ཕྱག་བཏབས་ཤིག་ཡིན་ཞིང་། དཔེ་མཛོད་ཁང་གིས་ད་བར་སྐུ་དང་ཡིག་རྙིང་ཉར་ཚགས་དང་བོད་དང་འབྲེལ་བའི་དཔེ་དེབ་དཔར་བསྐྲུན་དང་འགྲེམས་སྤེལ། ཕྱི་རྒྱལ་བ་དང་བོད་མིར་བོད་ཀྱི་སྐད་ཡིག་དང་ནང་ཆོས་སོགས་སློབ་སྦྱོང་སྤྲད་དང་སྤྲོད་བཞིན་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠་ཡས་མས་ལ་བཞུགས་སྒར་དྷ་རམ་སའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༥ འཁོར་བའི་དུས་དྲན་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་སྐུ་མགྲོན་དུ་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། ཚོགས་སྡེ་ཁག་གི་སྐུ་ཚབ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཙོས་པའི་ད་ལྟའི་ལས་བྱེད་དང་ལས་ཟུར། དཔེ་མཛོད་ཁང་དུ་སློབ་གཉེར་གནང་བཞིན་པ་དང་གནང་མྱོང་བའི་ཕྱི་རྒྱལ་སློབ་ཕྲུག་སོགས་ཁྱོན་མི་༢༠༠་ལྷག་འདུ་འཛོམས་གནང་འདུག
ཐོག་མར། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་དཔེ་མཛོད་སྐོར་ངོ་སྤྲོད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་ནི་ཕྱི་ལོ་༡༩༧༠་ཟླ་༦ ཚེས་༡༡ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་རིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་ཕྱག་བཏབས་ཤིག་རེད། བོད་ཀྱི་དཔེ་མཛོད་ཁང་འདི་ནི་དཔེ་མཛོད་ཁོ་ན་མིན་པ་དང་འགྲེམས་སྟོན་ཁང་ཡང་ཡིན། འདིའི་ནང་རྒྱ་ནག་གིས་བོད་བཙན་བཟུང་བྱེད་སྐབས་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོས་རང་ཉིད་ཀྱིས་རྒྱུ་ནོར་བློས་བཏང་ནས་བོད་ཀྱི་རྩ་ཆེ་བའི་སྐུ་དང་ཡིག་ཆ་མང་པོ་འཁྱེར་ཡོད་པ་དེ་དག་༸གོང་ས་མཆོག་ལ་ཕུལ་ནས་དེའི་ནང་དུ་བཞག་ཡོད། དེར་བརྟེན་དཔེ་མཛོད་ཁང་ལ་ལོ་རེར་ཕྱི་རྒྱལ་བ་དང་བོད་མི་ཁྲི་གཅིག་ཡས་མས་གཟིགས་སྐོར་སླེབས་ཀྱི་ཡོད། དེ་བཞིན་ལོ་རེར་དཔེ་མཛོད་ཁང་དུ་ཕྱི་རྒྱལ་བ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་བཅས་ལ་སློབ་སྦྱོང་བྱེད་མཁན་༢༠༠་ནས་༣༠༠་དབར་ཡོང་གི་ཡོད། དཔེ་མཛོད་ཁང་གིས་ལོ་རེར་མ་མཐའ་ཡང་བོད་དང་འབྲེལ་བའི་དཔེ་དེབ་༣༠་ནས་༤༠་དཔར་བསྐྲུན་བྱས་དང་བྱེད་པ་རེད། ཕྱི་ལོ་༡༩༩༡་ལོར་ཧི་མ་ཅལ་མཐོ་སློབ་ནས་བོད་ཀྱི་དཔེ་མཛོད་ཁང་ནི་བོད་ཀྱི་སློབ་གཉེར་ཁང་ཞེས་པར་ངོས་འཛིན་གནང་ཡོད་པ་དང་། ཕྱི་ལོ་༡༩༩༦་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་དཔེ་མཛོད་ཁང་ནི་རྒྱལ་ཡོངས་དཔེ་མཛོད་ཁང་དང་། འགྲེམས་སྟོན་ཁང་། ཉར་ཚགས་ཁང་བཅས་ཡིན་པའི་གྲོས་ཆོད་བཞག་གནང་ཡོད་རེད། ཅེས་འགྲེལ་བརྗོད་གནང་སོང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམས་ལ་སྩལ་བའི་བཀའ་སློབ་དང་། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནས་གནང་བའི་བོད་ཀྱི་དཔེ་མཛོད་ཁང་གི་བྱུང་རིམ་དང་འབྲེལ་བའི་གསུང་བཤད་ཅིག་བཅས་གཟིགས་འབུལ་ཞུས་གནང་སོང་།
དེའི་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཟུར་པ་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་ཐོག་མར་བོད་མཛོད་ཁང་དུ་ཕྱག་ལས་གནང་བའི་སྐོར་གྱི་ཉམས་མྱོང་སྐོར་གསུང་དོན། ཕྱི་ལོར་༡༩༧༨ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་སླེབས་ནས་༡༩༨༨ བར་ལོ་ངོ་བཅུའི་རིང་ཞབས་ཞུ་ཞུས་པ་ཡིན། དཔེ་མཛོད་ནང་རྒྱལ་རབས་དང་ངག་རྒྱུན་ལོ་རྒྱས་ཐོག་ཉམས་ཞིབ་པ་བྱེད་པའི་འགན་བཞེས་པ་ཡིན། ༸གོང་ས་མཆོག་གི་གསུང་ཆོས་རྣམས་ཡིག་ཐོག་ལ་ཕབས་པ་ཡིན། སྐབས་དེར་བཙན་བྱོལ་བོད་མི་ཚོ་ཧ་ཅང་སེམས་ཤུགས་ཆེན་པོ་རེད། རང་ཉིད་ཀྱི་གླ་ཕོགས་ཀྱང་ཞུབས་འདེབས་ཕུལ་གྱི་ཡོད། གཞུང་དོན་ཆེད་དུ་ལས་ཀ་འགྲོ་དགོས་དུས་རང་ངོས་ནས་གྲོལ་སོང་བཏང་ནས་གཞུང་ངོས་ནས་འགྲོ་སོང་གང་ཐབས་ཉུང་ཉུང་བཏང་ཐབས་བྱས་ཀྱི་ཡོད། ཅེས་གསུངས་ནས་མི་རབས་གསར་པ་ཚོས་མུ་མཐུད་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཡར་རྒྱས་དང་ཉར་ཚགས་ཡོང་ཐབས་ཐོག་ཤུགས་རྒྱག་དགོས་པའི་སྐུལ་མ་བཏང་སོང་།
དེ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཟུར་པ་བློ་བཟང་ཤསྟྲི་ལགས། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་གཉིས་ནས་ཉམས་མྱོང་ངོ་སྤྲོད་དང་བོད་ཀྱི་དཔེ་མཛོད་ཁང་ནི་བོད་པའི་རིག་གཞུང་དང་རྒྱལ་བའི་བཀའ་བསྟན་གཙོས་པའི་གསུང་རབ་རྣམས་ཉར་ཚགས་དང་སྲུང་སྐྱོབ་དར་སྤེལ་བཅས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་པ་མ་ཟད། བོད་པའི་རིག་གཞུང་དང་སངས་རྒྱས་ཀྱི་གསུང་རབ་དག་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དར་སྤེལ་དང་གོ་རྟོགས་སྤེལ་ཐབས་བཅས་ཀྱི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཞབས་འདེགས་ཧ་ཅང་ཆེན་པོ་གྲུབ་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་།
དེ་ནས་དམིགས་བསལ་སྐུ་མགྲོན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུང་བཤད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་ནི་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་འདུག བོད་ཀྱི་རིག་གཞུང་ནི་གཅེས་ནོར་རེད་ཅེས་༸གོང་ས་མཆོག་གིས་གསུངས་པ་ལྟར་འཛམ་གླིང་གང་སར་ནང་ཆོས་ནི་གཅེས་ནོར་ཆགས་བསྡད་ཡོད། ཕྱི་རྒྱལ་བ་ཁག་ནས་སློབ་ཕྲུག་༢༠༠ ལྷག་ལོ་རེར་བོད་ཀྱི་དཔེ་མཛད་ཁང་ལ་བོད་ཡིག་དང་ནང་ཆོས་སྦྱོང་ཡོང་གི་ཡོད་པ་ནི་དེ་དག་ལ་རིན་ཐང་མཐོང་གི་ཡོད་རྐྱེན་རེད། ང་ཚོ་བོད་པ་ཚོས་སོ་སོའི་རིག་གཞུང་ལ་ཆེས་མཐོང་དང་གཅེས་ཉར་དང་སློབ་སྦྱོང་། བེད་སྤྱོད་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ཉ་ཕྲ་བའི་དུས་ཚོད་འདིའི་ནང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ལ་ཞབས་ཞུ་ཞུ་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཡིན། དཔེ་མཛད་ཁང་འགན་འཛིན་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དཔེ་མཛོད་ཁང་དབུ་འཛུགས་གནང་ནས་༥༥ ལོ་འཁོར་བའི་དུས་དྲན་རེད། བོད་མི་ཚོ་བཙན་བྱོལ་ལ་ཡོང་སྐབས་རང་ཉིད་ཀྱི་རྒྱུ་ནོར་བློས་བཏང་ནས་བོད་ཀྱི་སྐུ་རྟེན་མང་པོ་འཁྱེར་ཡོང་ནས་དཔེ་མཛོད་ཁང་ནང་བཞག་རྒྱུ་བྱུང་བ་རེད། རླབས་ཆེན་གྱི་བྱ་གཞག་རེད། ༧གོང་ས་མཆོག་གི་མཛད་པ་བཞིའི་ནང་དུ་བོད་ཀྱི་དཔེ་མཛོད་ཁང་ཡང་ཚུད་ཡོད། ལོ་ཙཱ་བ་སྦྱོང་བརྡ་ཐོག་ཐོར་ཤོར་ཤོར་འདུག་བསམས་ནས་འདུག དབྱིན་ཇའི་ཐོག་ལོ་ཙཱ་བ་བྱེད་མཁན་ཉུང་ཉུང་རེད། བོད་ཀྱི་ནང་ཆོས་རྣམས་དབྱིན་ཇི་ནང་བསྒྱུར་ནས་ཁྱབ་སྤེལ་བྱེད་དགོས་པར་གལ་ཆེན་པོ་འདུག མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་དེ་བར་ཡག་པོ་བྱུང་བ་རེད། མི་རབས་གཞོན་པ་ཚོས་མུ་མཐུན་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།
དེ་རྗེས། སྲིད་སྐྱོང་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་བགྲེས་ཡོལ་དང་ཞབས་ལོ་ ༢༠ ཟིན་པའི་ལས་བྱེད་རྣམས་ལ་གཟེངས་རྟགས་ཕུལ་རྗེས། ད་ལྟར་དཔེ་མཛོད་ལ་སློབ་སྦྱོང་བྱེད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་དང་ལས་བྱེད་ཁག་ཅིག་ནས་གཞན་སྣ་འཁྲབ་སྟོན་གནང་སོང་།
མཐའ་མར། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ནས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་དཔེ་མཛོད་ཁང་ལ་རམ་འདེམས་དང་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་།